དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ལ་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མ་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་ང་ཚོའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འདི་ཕྱི་ཟླ་དགུ་པའི་གྲོས་ཚོགས་ཆགས་བསྡད་ཡོད་རེད། ང་ཚོས་ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་འཚོགས་ཀྱི་ཡོད་རེད། ཕྱི་ཟླ་གསུམ་པའི་གྲོས་ཚོགས་དེ་སྔོན་རྩིས་གྲོས་ཚོགས་དང་། ཕྱི་ཟླ་དགུ་པའི་གྲོས་ཚོགས་འདི་ལས་བསྡོམས་གྲོས་ཚོགས་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས། འཛིན་སྐྱོང་གི་ཕྱི་ལོ་ ༢༠༢༣་་་༢༠༢༤ ཡི་ལས་བསྡོམས་ཐོག་ལ་ང་ཚོའི་ལས་ཉིན་མང་བ་གཏོང་དགོས་པ་ཆགས་ཀྱི་ཡོད་རེད། ལས་རིམ་གྱི་སྐོར་འོག་ལ་ཞིབ་ཕྲ་ཞུ་རྒྱུ་ཡིན།

བར་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་ཆེད་དུ་ཨ་རིར་ཆིབས་བསྒྱུར་གནང་སྟེ་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱི་ཐོག་ནས་ཨ་རིར་ཟླ་བ་གཉིས་ཙམ་སྐུ་ངལ་གསོས་པ་དང་། ལུས་རྩལ་དེ་འདྲ་གནང་ནས་ཨ་རི་ནིའུ་ཡོག་བརྒྱུད་ནས་སུད་སི་རེད། བཞུགས་སྒར་རྡ་རམ་ས་ལར་བདེ་བླག་གི་ཐོག་ནས་ཆིབས་བསྒྱུར་གནང་ཐུབ་པ་དང་། ཉེ་ཆར་མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། དེ་བས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་ང་ཚོ་བོད་ཀྱི་ལོ་བརྩིས་པ་ཡིན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུར་ཕེབས་ཀྱི་ཡོད་རེད། གོ་སྟོན་སྲུང་བརྩི་གནང་བ་དང་མཛད་སྒོ་ཚོགས་པ། དེའི་ཐོག་ལ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཁོ་རང་ཆེད་མངགས་ཆིབས་བསྒྱུར་གནང་ནས་དེ་འདྲའི་ང་ཚོར་བསྐལ་བ་བཟང་པོའི་མཛད་འཕྲིན་ཞིག་བསྐྱངས་ཡོད་རེད། དེ་ཡིན་དུས། དེའི་ཐོག་ནས་བོད་དང་ཧི་མ་ལ་ཡ་མི་རིགས་ཀྱི་འབྲེལ་བ་ཟེར་ནའང་འགྲིག་གི་འདུག བོད་དང་རྒྱ་གར་གྱི་འབྲེལ་བ་ཟེར་ནའང་འགྲིག་གི་འདུག དེ་ཡིན་དུས་ང་རང་ཚོའི་ད་ལྟའི་གནས་སྟངས་འདིའི་ཐོག་ནས་གཙོ་བོ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་ཁ་བྲལ་ཐབས་མེད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ཁོང་སྐུ་ཚེ་ཡུན་རིང་པོར་བཞུགས་རྒྱུ། ང་ཚོར་ནམ་རྒྱུན་ཞལ་བཞེས་གནང་བ་དེ་དགུང་ལོ་བརྒྱ་དང་བཅུ་ཕྲག་ཁ་ཤས་ཤིག་བཞུགས་རྒྱུའི་ཞལ་བཞེས་གནང་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་མུ་མཐུད་ནས་དགུང་ལོ་བརྒྱ་དང་བཅུ་ཕྲག་ལྷག་བཞུགས་ཐུབ་རྒྱུར་ང་ཚོས་གསོལ་འདེབས་ཞུ་རྒྱུ་དང་། དེ་ག་ནང་བཞིན་གྱི་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་དེ་གོང་མཐོར་གཏོང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་བས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིས་མཚོན་པའི་ང་ཚོ་བོད་མི་རིགས་རེད། འཛམ་གླིང་སྤྱི་ཡོངས་ཀྱི་འཇིག་རྟེན་སྤྱི་ཡོངས་སུ་༸སྐྱབས་མགོན་རིན་པོ་ཆེའི་མཛད་འཕྲིན་འབྲེལ་བ་ཆགས་བསྡད་དུས། ང་རང་ཚོའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འགྲུབ་རྒྱུར་འབད་བརྩོན་དང་ཐབས་ལམ་ག་རེ་འདུག དེ་ཚོའི་ཐོག་ལ་ང་ཚོས་ཞུམ་པ་མེད་པའི་ཐོག་ནས་འགན་འཁུར་བཞེས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག དེ་ནི་བསྐལ་པ་བཟང་པོ་ཞེ་པོ་ཞིག་རེད། ཐོག་མར་སྐད་ཆ་དེ་འདྲ་ཞིག་ཞུས་ན་བསམས་སོང་།

དེ་ག་ནང་བཞིན་གྱི་ང་ཚོ་ཆབ་སྲིད་ཀྱི་གནས་སྟངས་ཆགས་བསྡད་ཡོད་རེད། ང་ཚོ་བཙན་བྱོལ་གྱི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། ལོ་ངོ་དྲུག་ཅུ་རེ་ལྔ་ཙམ་འགྲོ་ཡི་ཡོད་རེད། སྤྱི་ཡོངས་ཀྱི་རྒྱལ་སྤྱིའི་གཞུང་ཁག་རེད། ལྷག་པར་དུ་རྒྱ་གར་གཞུང་གི་མཐུན་འགྱུར་དང་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་ང་རང་ཚོའི་སྒྲིག་འཛུགས་དེ་ཡིད་སྨོན་སྐྱེ་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། བར་སྐབས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་བ། དེ་ག་ནང་བཞིན་གྱི་ཨ་རིའི་གྲོས་ཚོགས་ཀྱི་ཐོག་ནས་ཚད་མཐོའི་མང་མོས་ཀྱི་ཐོག་ནས་བོད་དོན་གྱི་དཀའ་རྙོག་སེལ་རྒྱུའི་ཁྲིམས་ཡིག་གཏན་འབེབས་གནང་བ། དེ་ག་ནང་བཞིན་གྱི་ཁེ་ན་ཊའི་གྲོས་ཚོགས་ནས་གྲོས་ཆོད་བཞག་པ། ཉེ་ཆར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བདེ་བླག་ངང་སླར་གསོ་བྱེད་ཐུབ་པ། དེ་ག་ནང་བཞིན་གྱི་ཉིན་མ་ཁ་ཤས་སྔོན་ལ་རེེད་འདུག ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་ལོགས་ལ་བོད་དོན་གྱི་ཐོག་ལ་བགྲོ་གླེང་ཤུགས་ཆེན་པོ་གནང་བསྡད་ཀྱི་འདུག དེ་ཚོའི་ཐོག་ལ་ཡང་དངོས་སུ་མཉམ་ཞུགས་གནང་མཁན་ཡིན་དང་ཡིན། ཕྱག་ལས་དང་མཐུན་འགྱུར་གནང་མཁན་ཚང་མར་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ང་ཚོ་ཆབ་སྲིད་ཀྱི་གནས་སྟངས་གཞན་དང་འབྲེལ་བའི་ཐོག་ནས་ཁ་སང་ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༢ ལ་བཀའ་ཤག་གི་གསུང་འཕྲིན་ཕེབས་ཡོད་རེད། དེ་ག་ནང་བཞིན་གྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ཡོངས་གྲགས་གནང་ཡོད་རེད། ཆབ་སྲིད་ཀྱི་གནད་དོན་མང་པོ་ཞིག་དེའི་ཐོག་ནས་རྟོགས་ཐུབ་རྒྱུ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་ང་རང་ཚོ་སྐྱབས་བཅོལ་གནས་བབ་ཀྱི་ཆ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འགན་དབང་བསྐུར་བ་གཙོ་བོ་དེ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གནས་སྟངས་ཆགས་བསྡད་ཡོད་རེད། དེའི་ཐོག་ནས་ང་རང་ཚོས་ག་རེ་ཞུ་ཐུབ་རྒྱུ་འདུག ག་རེ་ཞུ་དགོས་པ་འདུག གྲོས་ཚོགས་ནང་ལའང་གླེང་སློང་དང་བགྲོ་གླེང་ག་རེ་གནང་དགོས་ཀྱི་འདུག ལས་འཆར་ག་རེ་བསྒྲིག་དགོས་འདུག དེ་ཚོའི་ཐོག་ལ་དགོངས་པ་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་འདུག་ཅེས་གསལ་འདེབས་ཙམ་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་ལས་རིམ་དང་འབྲེལ་བའི་ཐོག་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་ཡོད། སྤྱི་ཟུར་དྭངས་ཤར་ཡོན་ཏན་རྒྱ་མཚོ་ལགས་ཉེ་ཆར་སྐུ་ཚེའི་འཕེན་པ་རྫོགས་པ་རེད། ཁོང་སྡེ་ཚན་མང་པོའི་ནང་ལ་ཕྱག་ལས་གནང་ནས་ང་རང་ཚོའི་མི་རབས་རྒན་པ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཁོང་ལའང་ང་ཚོས་ནམ་རྒྱུན་འགྲོ་སྟངས་གཞིར་བཟུང་བྱས་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་འཁུར་ཡོད། དེ་ག་ནང་བཞིན་གྱི་ང་ཚོས་གོང་དུ་ཞུས་པ་ནང་བཞིན་གྱིས་ལས་བསྡོམས་ཀྱི་གྲོས་ཚོགས་ཀྱི་གནས་སྟངས་ཆགས་བསྡད་དུས། ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་རྒྱས་པ་དེ་སྤྱི་འཐུས་རྒྱུན་ལས་ལ་ཚུར་གནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་སྡེ་ཚན་གསུམ་ལ་ཆ་བགོས་བྱས་ནས། ང་ཚོས་ལས་བསྡོམས་དེ་ཚོར་གཟིགས་ཞིབ་གནང་སྟེ། གཟིགས་ཞིབ་གནང་བའི་རྗེས་ལ་དོགས་འདྲི་དང་། དགོངས་ཚུལ་དེ་ཚོ་བསྐྱར་དུ་རྒྱུན་ལས་ནང་ལོགས་ལ་ཕེབས་ནས། རྒྱུན་ལས་ནང་ལ་བཀའ་བསྡུར་གཏན་འབེབས་བྱས་ནས་ལྷན་ཁང་ཁག་ལ་ཕར་བཏང་བ་དང་། དེ་རིང་དོགས་འདྲི་དང་ལན་འདེབས་དེ་གྲོས་ཚོགས་ནང་བསླེབ་ཡོང་གི་ཡོད་རེད། དེ་ག་ནང་བཞིན་འཛིན་སྐྱོང་བཀའ་ཤག་གི་ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དེ་འདིར་ཕེབས་ཡོང་གི་ཡོད་རེད། དེ་ཡིན་དུས་དངོས་སུ་དེ་ཚོ་ལ་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་གསན་ཞིབ་གནང་ནས། དོགས་འདྲི་ཡིན་ནའང་འདྲ་དགོངས་ཚུལ་ཡིན་ནའང་འདྲ། གང་ལྟར་ང་ཚོའི་འཛིན་སྐྱོང་གི་ལས་དོན་ཡར་རྒྱས་འགྲོ་ཐུབ་རྒྱུར་ཐབས་ལམ་ག་རེ་འདུག དེ་ག་ནང་བཞིན་གྱི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ཀྱི་ཐོག་ལའང་། ང་ཚོས་ལས་འཆར་འགྲོ་བཞིན་པའི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་དེ་ཚོ་ལ་བཀའ་འདྲི་ཞུ་རྒྱུ་དང་གོ་བསྡུར་བྱ་རྒྱུ། འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་གསལ་བཤད་ལན་འདེབས་གནང་རྒྱུའི་དུས་ཚོད་དེ་འདྲ་ཆགས་བསྡད་ཀྱི་རེད།

དེ་ནས་ང་ཚོའི་ཁྲིམས་བཟོའི་ལས་དོན་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་ཆར་ཐོག་ལ་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་དང་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་བསླེབ་ཡོང་གི་ཡོད་རེད། དེ་ག་ནང་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་ཆེད་འཛུགས་གནང་བའི་བོད་ཀྱི་གསོ་བ་རིག་པའི་གནས་བབ་དང་འབྲེལ་བའི་ཁྲིམས་ཡིག གསོ་རིག་གི་ཁྲིམས་ཡིག་བསྐྱར་བཅོས་དང་འབྲེལ་བའི་ཐོག་ནས་ཁྲིམས་འཆར་དང་སྙན་ཐོ་རིགས་གཅིག་ཕེབས་ཡོང་གི་ཡོད་རེད། དེ་ག་ནང་བཞིན་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཕེབས་ཡོང་གི་འདུག དེ་ག་ནང་བཞིན་ང་ཚོའི་གྲོས་ཆོད་གྲོས་འཆར་དེའི་ཐོག་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཕེབས་ཀྱི་ཡོད་རེད། དེ་འདྲ་པོ་ཡིན་ན་ཕྱི་ལོ་ ༢༠༠༨ ནས་ང་ཚོས་འགོ་བཙུགས་ནས་ད་ལྟ་བར་དུ་གྲོས་ཚོགས་ནང་ལ་བསྣམས་ཕེབས་ཀྱི་ཡོད་རེད། དེ་གཙོ་བོ་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་རེད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་རེད། ང་རང་ཚོས་ག་རེ་བྱེད་དགོས་རྒྱུའི་གནས་སྟངས་ཀྱི་ཐོག་ནས་གྲོས་ཆོད་བཞག་ནས་ང་ཚོས་དེ་རིང་འདིར་གཏན་འབེབས་བྱེད་ཀྱི་ཡོད་རེད། དེ་ཚོའི་ཐོག་ལའང་རྣམ་པ་ཚོས་བགྲོ་གླེང་གི་ཆ་ཤས་བཞེས་རྒྱུ། དེ་ཡང་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་རང་གི་ངོ་གདོང་དང་མཐུན་པའི་ཐོག་ནས་ཆ་ཤས་བཞེས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་འདུག དེ་གཅིག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གྱི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ལྕམ་སྐུ་ཇེ་ནཌ་ ར་ཡེ་སི་ (Senator Janet Rice) ཡུན་རིང་པོ་ཞིག་ནས་ཁོ་རང་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བསྡད་ཀྱི་ཡོད་རེད། ད་ལྟ་འཐུས་མིའི་འགན་མ་བཞེས་ནས་ཟུར་པའི་ངོ་བོའི་ཐོག་ནས་བཞུགས་བསྡད་ཡོད་རེད་དེ། ང་ཚོའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་ཐུག་རྒྱུ། ཉེ་ཆར་རང་ཨོ་སི་ཊོ་ལི་ཡ་བོད་ཀྱི་ཉིན་མོ་ཞུ་གཏུག་གི་ཉིན་མོ་དེ་ལ་ཁོ་རང་མཉམ་དུ་བཅར་ནས་གྲོས་ཚོགས་ནང་ལོགས་ལ་ཕེབས་བསྡད་འདུག དེ་ཡིན་དུས་ཁོང་རང་ལ་ང་ཚོས་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གྲོས་འཆར་ཞིག་འཁུར་གྱི་ཡོད། དེ་ག་ནང་བཞིན་གྱིས་འཛིན་སྐྱོང་བཀའ་ཤག་ནས་ཨ་རིའི་གྲོས་ཚོགས་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་སྐུལ་འདེད་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་བསྣམས་ཀྱི་འདུག དེ་ཚོའི་ཐོག་ལ་རྣམ་པ་ཚོས་དགོངས་ཚུལ་སྤུང་ཐུབ་རྒྱུར་རེ་བ་ཞུ་ཡི་ཡོད། དེ་བཞིན་བཀའ་ཤག་གིས་གསལ་བཤད་ཅིག་ཕེབས་ཀྱི་ཡོད་རེད། དེ་ནང་བཞིན་གྱི་ད་ལྟ་ང་ཚོའི་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་བདུན་པས་སྲི་ཞུ་བའི་ལས་བྱེད་རྣམ་པ་ལ་ཕོགས་སྤར་དང་ཟུར་ཕོགས་དེ་ཚོ་སྤར་ཡོད་རེད། དེ་གཅིག་མཚུངས་ཀྱིས་མཛད་གཙོ་རྣམ་པ་ལའང་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་སྤར་ཆ་གནང་ཡོད་རེད་དེ། ཡིན་ན་ཡང་མཐའ་མ་དེ་གྲོས་ཚོགས་ལའང་སྙན་སེང་བཀའ་ཁྲོལ་ཞུ་དགོས་ཀྱི་ཡོད་རེད། དེ་འདྲའི་ཐོག་ནས་ང་ཚོར་ཡིག་ཆ་གཅིག་ཕེབས་ཡོང་གི་ཡོད་རེད། ད་ལྟ་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་རིང་ནས་འགོ་བཙུགས་ཏེ་ཕྱི་ཚེས་ ༡༩ བར་དུ་ལས་ཉིན་བརྒྱད་ཀྱི་རིང་ལ་ང་ཚོས་ལས་རིམ་གྱི་སྐྱོང་སྟངས་ལས་རིམ་ག་རེ་ཡོད་མེད་ཀྱི་གནས་སྟངས་འདུག་སེ་ཡིན་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གྱི་ལས་རིམ་འཁུར་ཕྱོགས་ཀྱི་ཐོག་ལ་ང་ཚོས་ཏོག་ཙམ་འགྱུར་བ་བཏང་ཡོད། དེ་ཡིན་དུས་ནམ་རྒྱུན་ཡིན་ན་ང་ཚོས་གདུང་སེམས་མཉམ་བསྐྱེད་གྲོས་ཆོད་དེ་འགོ་ལ་འཁུར་གྱི་ཡོད་རེད། ཡིན་ནའང་ད་ལྟ་ང་ཚོ་ལས་བསྡོམས་དེ་ཚར་བ་བྱས། དེའི་རྗེས་ལ་ཁྲིམས་བཟོའི་ལས་དོན་བྱས། དེའི་རྗེས་ལ་གདུང་སེམས་མཉམ་བསྐྱེད་དང་གྲོས་ཆོད་གྲོས་འཆར་དེ་ཚོ་འཁུར་རྒྱུ་འདུག་སེ་ཆགས་བསྡད་ཡོད། དེ་ཡིན་དུས་ཚོགས་གཙོ་གཉིས་ཀྱིས་གོ་བསྡུར་བྱས་ནས་ཐག་གཅོད་བྱས་པ་དང་། དེ་ག་ནང་བཞིན་གྱི་འཛིན་སྐྱོང་ལའང་མཁྱེན་བྱས་ཡོད། བཀུར་འོས་སྤྱི་འཐུས་རྣམ་པ་ལ་ལས་རིམ་རགས་ཟིན་དེ་ཕལ་ཆེར་བདུན་ཕྲག་གཅིག་སྔོན་ནས་ཕུལ་ཡོད་རེད། དེ་ཚོའི་ནང་ལོགས་ལ་ང་ཚོས་བཀོད་ཡོད་ཅེས་ཞུ་རྒྱུ་ཡིན། དེ་རིང་གི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ལ་སྤྱི་འཐུས་བརྒྱད་ཀྱིས་ད་ལྟ་དགོངས་ཤོག་འབྱོར་སོང་། དེའི་ནང་ནས་སྤྱི་འཐུས་གཅིག་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཆ་ཚང་དགོངས་པ་ཞུས་ཀྱི་འདུག གཞན་སྤྱི་འཐུས་བདུན་གྱིས་ཉིན་མ་གཅིག་ཞུ་མཁན་འདུག ཉིན་མ་གཉིས་ཞུ་མཁན་འདུག ཉིན་མ་བཞི་ཡང་ཞུ་མཁན་དེ་འདྲ་བྱུང་སོང་ཟེར་ནས་འདི་སྙན་སེང་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གྱི་གྲོས་ཚོགས་ཀྱི་ཚོགས་མི་དཔལ་ལྡན་ཤེས་རིག་བཀའ་བློན་སྐུ་གཟུགས་བདེ་མིན་གྱི་ཐོག་ནས་སྨན་པའི་ལམ་སྟོན་གཞིར་བཟུང་གིས་སྐུ་ངལ་གསོ་དགོས་པའི་གནས་སྟངས་དེ་འདྲ་ཆགས་བསྡད་འདུག དེ་ཡིན་དུས་གྲོས་ཚོགས་ཆ་ཚང་དགོངས་པ་ཞུས་སོང་། དེ་ནས་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་རྒྱུ་དང་། དེ་བཞིན་དེ་ལ་འགན་འཁུར་ལན་འདེབས་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནང་རྒྱུའི་དགོངས་གཞི་འདུག་ཅེས་ལས་རིམ་དང་འབྲེལ་བའི་ཐོག་དང་། སྤྱི་འཐུས་དགོངས་ཞུའི་གནས་སྟངས་འདུག་སེ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་གནང་།།