དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཚེས་ ༤ ཉིན་སྔ་དྲོ་རྡ་ས་ས་གནས་འགོ་འཛིན་གྱི་ཕུན་ཚོགས་ཁང་གསར་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། གཞན་སྐུ་མགྲོན་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སློབ་སྟོན་པ་ཐུབ་བསྟན་སྙན་གྲགས་ལགས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ་བཅས་དང་། དེ་བཞིན་ས་གནས་མི་མང་བཅས་ཕེབས་འདུག

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། རྩ་བའི་གོང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་། སློབ་སྟོན་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་བཅས་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དམིགས་ཡུལ་དང་། རྒྱུན་ལས་རིམ་པའི་དགོངས་པ་བཞེས་ཕྱོགས། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་ང་རང་ཚོའི་སྤྱི་ཚོགས་བཅས་ཀྱི་ནང་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་བཅས་ཚང་མ་གསུངས་ཟིན་པ་འདྲ་པོ་ཆགས་སོང་། ངས་འདིར་སྐད་ཆ་ཕྲན་བུ་ཞུ་རྒྱུར། རྩ་བའི་ཕྱི་ཚེས་ ༢ ཉིན་ང་ཚོ་བོད་མིའི་སྒྲིག་འཛུགས་ཐོག་ནས་མང་གཙོའི་དུས་དྲན་ཐེངས་ ༦༤ པ་སྲུང་བརྩི་ཞུས་པ་རེེད། དེ་ཡིན་དུས་མང་གཙོའི་ཐོག་ལ་བསམ་བློ་ཞིག་བཏང་བ་ཡིན་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་ལ་གསོལ་སྩལ་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གི་བཙན་བཟུང་འོག་ཚུད་པ་དང་། དེ་རྗེས་མགོན་པོ་གང་ཉིད་མཆོག་བཙན་བྱོལ་ལ་ཕེབས་འབྱོར་གྱིས་ཕྱི་ལོ་ ༡༩༦༠ ནང་མི་མང་གི་འཐུས་མི་འོས་འདེམས་བྱེད་དགོས་པའི་བཀའ་ཕེབས་པ་ལྟར་ལོ་དེའི་ཟླ་ ༩ པའི་ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་པའི་དུས་ཚོད་འདིར་ང་ཚོས་མང་གཙོའི་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་གནས་སྟངས་ཆགས་བསྡད་ཡོད་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མང་གཙོའི་དགོངས་པ་འཁྲུངས་སྟངས་དེའང་རྣམ་པ་ཚོ་མང་བས་མཁྱེན་གྱི་རེད་ལ། ང་ཚོས་དུས་རྒྱུན་དུ་ཞུས་བསྡད་ཀྱི་ཡོད། དེ་ཡང་ཕྱི་ལོ་ ༡༩༥༤ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ལ་ཕེབས་ནས་མའོ་ཀྲུ་ཞིས་མཚོན་པའི་རྒྱ་ནག་གི་འགོ་ཁྲིད་མང་ཆེ་བ་མཇལ་འཕྲད་ཀྱིས་རྒྱ་ནག་དམར་ཤོག་གི་འགྲོ་ལུགས་ལ་ཐུགས་ཞིབ་དང་། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་གཙོས་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཕེབས་ཏེ། རྒྱ་གར་གྲོས་ཚོགས་ནང་སྲིད་བློན་ལ་ཐད་ཀར་དྲི་བ་དྲིས་པ་དང་སྐྱོན་བརྗོད་བྱེད་ཆོག་པ། སྲིད་བློན་མཆོག་གིས་ཀྱང་ལན་འདེབས་དང་གསལ་བཤད་གནང་རྒྱུ་ཡོད་པ་བཅས་ཀྱི་ཐོག་ཐུགས་ཞིབ་མཛད་རྗེས། མང་གཙོའི་ཆབ་སྲིད་ཀྱི་འཛིན་སྐྱོང་བྱེད་སྟངས་ལ་ཡིད་དབང་འཕྲོག་སྟེ། ང་ཚོའི་ཆབ་སྲིད་ཀྱི་འཛིན་སྐྱོང་བྱེད་སྟངས་དེ་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུར་གལ་ཆེན་པོར་གཟིགས་གནང་ཡོད། རྩ་བའི་ཆབ་སྲིད་ཀྱི་འཛིན་སྐྱོང་བྱེད་སྟངས་མང་པོ་ཡོད་པའི་ནང་ནས་མང་གཙོའི་ལམ་ལུགས་དེ་བཞིན་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་མཐུན་ཆེ་ཤོས་ཤིག་ཆགས་ཀྱི་འདུག་ཅེས་གསུངས་པའི་བཀའ་སློབ་རྙིང་པ་དེ་ཚོའི་ནང་མཇལ་རྒྱུ་ཡོད་རེད། དེ་ཡང་ཐོག་མར་བོད་ནང་ལེགས་བཅོས་ཚོགས་ཆུང་དང་། གྱོད་ཞིབ་ཚོགས་ཆུང་ཞེས་པ་བཙུགས་ནས་བོད་ནང་གི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་འགྱུར་བ་གཏོང་རྒྱུར་དགོངས་པ་བཞེས་ཡོད་ཀྱང་། སྟབས་མི་ལེགས་པ་ཞིག་ལ་རྒྱ་ནག་དམར་གཞུང་གིས་བཙན་དབང་འོག་བོད་ནང་མགོན་པོ་གང་ཉིད་ཀྱི་དགོངས་པ་ཇི་བཞིན་ལག་བསྟར་བྱུང་ཐུབ་མེད་པ་རེད། དེ་རྗེས་བཙན་བྱོལ་ནང་ཕེབས་འབྱོར་བྱུང་མ་ཐག་དངོས་སུ་ལག་བསྟར་གྱིས་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་དང་། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། འཛིན་སྐྱོང་གི་ཐུགས་འགན་ནས་དགོངས་པ་ཞུས་ཏེ། མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་རྣམས་ལ་སྲིད་དབང་ཡོངས་རྫོགས་རྩིས་སྤྲོད་གནང་བ་བཅས་ད་ལྟའི་ཆར་ང་ཚོ་མང་གཙོའི་ལམ་ལུགས་ཚད་དང་ལྡན་པའི་ཐོག་བསྐྱོད་བཞིན་ཡོད་པ་རེད།

མང་གཙོ་ཟེར་བའི་ཐ་སྙད་དེ་གོ་དུས་ཕྱོགས་གཅིག་ནས་སྙན་པོ་འདྲ་པོ་ཞིག་ཡོད་ཀྱང་དེ་ལག་ལེན་བསྟར་དུས་ཧ་ལས་པའི་འགལ་རྐྱེན་མང་པོ་འཕྲད་ཀྱི་ཡོད། རྩ་བའི་ང་ཚོའི་མང་གཙོའི་འགྲོ་སྟངས་དེ་ཆབ་སྲིད་ཚོགས་པ་མེད་པའི་ལམ་ལུགས་གང་ཞིག་སྤྱི་འཐུས་རྣམ་པའི་ཡོང་ཁུངས་ཆོལ་ཁ་དང་ཆོས་ལུགས་ཐོག་ནས་སླེབས་ཀྱི་ཡོད་ཀྱང་། བདམས་ཐོན་བྱུང་རྗེས་སྤྱི་མི་ཞིག་གི་འགན་ཁྱེར་ནས་འགྲོ་དགོས་ཀྱི་ཡོད་པ་རེད། དེ་འབྲེལ་སྐོར་ཁྲིམས་སྒྲིག་གཞིའི་ནང་གསལ་ཁ་མེད་ཀྱང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ནང་དེའི་སྐོར་གསལ་པོ་ཡོད་རེད། དེ་ཡིན་དུས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་འགན་བཞེས་པའི་སྐབས་ལ་རྣམ་པ་དེ་ཤུགས་ཆེན་པོ་ཐོན་ཐུབ་ཡོད་རེད། དེང་སང་གི་རྒྱལ་སྤྱིའི་འགྲོ་སྟངས་ལྟར་ཆབ་སྲིད་ཀྱི་ཚོགས་པའི་ལམ་ལུགས་དགོས་རྒྱུའི་དགོངས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡོད་པ་དང་། དེ་གཞིར་བཟུང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་གསར་འཛུགས་གནང་བ་ཡིན་སྐོར་ད་ལྟ་གོང་དུ་གསུངས་སོང་། དེ་ཧ་ཅང་ཡག་པོ་རེད། ང་ཚོའི་ངོས་ནས་ཀྱང་དེ་གལ་ཆེན་པོར་བརྩིས་ཀྱི་ཡོད། མ་འོངས་པར་ཡང་གོམ་པ་གང་འདྲ་ཞིག་སྤོས་ནའང་། མི་མང་གི་འདོད་དོན་དང་། དེའི་སྐབས་ཀྱི་འགོ་ཁྲིད་མཁན་གྱི་དགོངས་པ་བཞེས་ཕྱོགས་བཅས་མི་མང་དང་འགོ་ཁྲིད་གཉིས་ཀའི་རྣམ་དཔྱོད་ཟུང་འབྲེལ་ཐོག་མང་གཙོའི་ལམ་ལུགས་གོང་སྤེལ་གཏོང་དགོས་པ་རེད་མ་གཏོགས། འགོ་ཁྲིད་གཅིག་པུས་རྣམ་དཔྱོད་འདོན་བསྡད་ན་དེ་ཡང་ཏག་ཏག་བསྡད་ཀྱི་ཡོད་མ་རེད། དེ་ཡིན་དུས་མི་མང་གི་རྣམ་དཔྱོད་གཞིར་བཟུང་འགོ་ཁྲིད་རྣམ་པས་དུས་ནས་དུས་སུ་ལག་ལེན་བསྟར་ཐུབ་པ་ཞིག་དགོས་ཀྱི་རེད། ངས་གོང་དུ་ཞུས་པ་བཞིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་མང་གཙོ་གསོལ་སྩལ་གནང་བ་རེད། དེར་ལག་ལེན་བསྟར་མཁན་ང་ཚོ་མི་མང་ལ་རྣམ་དཔྱོད་དང་། གོ་རྟོགས། ཤེས་ཡོན། གུ་ཡངས་དང་བཟོད་བསྲན་བཅས་དགོས་ཀྱི་ཡོད་རེད། དེ་བཞིན་མི་མང་གི་ཆེད་དུ་བློས་གཏོང་གནང་ཐུབ་མཁན་ཞིག་དགོས་ཀྱི་རེད། ཆབ་སྲིད་ཀྱི་འགྲོ་ལུགས་གང་ལ་བལྟས་ནའང་དེ་གལ་ཆེ་ཤོས་འདྲ་པོ་ཆགས་ཀྱི་ཡོད་རེད། དེ་འདྲའི་ཆ་རྐྱེན་མ་འཛོམས་པ་ཡིན་ན་འགོ་ཁྲིད་ཀྱི་མཚན་ཉིད་ཚང་གི་མེད་དུས། དེ་ཚོའི་ཐོག་མ་འོངས་པར་ང་ཚོས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག དེ་ནང་བཞིན་མི་མང་ལའང་རྣམ་དཔྱོད་མེད་པའི་གནས་སྟངས་ཆགས་པ་ཡིན་ན། དེང་སང་ནུབ་ཕྱོགས་པ་དེ་ཚོས་བཤད་སྲོལ་ཞིག་ལ། མང་གཙོ་ཟེར་བ་དེ་རྨོངས་པ་འདྲ་པོ་དང་། མི་ལྐུགས་པ་མང་པོ་ཞིག་མཉམ་དུ་འཛོམས་པ་དང་གཅིག་པ་ཆགས་ཀྱི་ཡོད་རེད་ཅེས་བཤད་པ་ལྟར། མི་མང་གིས་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་མེད་པར། ལྐུགས་པ་མང་པོ་ཞིག་མཉམ་དུ་འཛོམས་པའི་གནས་སྟངས་འདྲ་པོ་ཆགས་པ་ཡིན་ན་ཧ་ཅང་གི་ཕངས་པོ་རེད། དེ་ཚོའི་ཐོག་ལ་ང་ཚོའི་སྤྱི་ཚོགས་ནང་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། དེ་འདྲའི་ཆགས་རྒྱུའི་ཉེན་ཁ་མེད་པ་མ་རེེད། རྨོངས་པ་ཟེར་དུས་ཅི་ཡང་མ་ཤེས་མཁན་ལྐུགས་པ་དེ་འདྲ་མ་རེད། དེ་ལ་ཞེན་ཁོག་ཤུགས་ཆེན་པོ་ཆགས་ནས་སྒྲིག་འཛུགས་ལས་གང་ཟག་གལ་ཆེ་བར་བརྩིས་པ་དེར་གོ་ཡི་ཡོད་རེད། དེང་སང་མང་གཙོ་མཚན་ཉིད་ཚང་བའི་ནུབ་ཕྱོགས་དང་། ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་དེ་འདྲའི་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་ཡང་གཙོ་བོ་འགོ་ཁྲིད་ལ་ཕྱོགས་ཞེན་ཆེ་དྲག་པ་དང་། མང་ཚོགས་འགན་ཁུར་མཁན་ཚོ་ཕྱོགས་ཞེན་ཆེ་དྲག་ནས་སྤྱི་ཚོགས་ནང་བརྡབ་གསིག་མང་པོ་བཟོས་ཡོང་གི་ཡོད་པ་མཐོང་གསལ་རེད། ཕྱི་རྒྱལ་གྲོས་ཚོགས་འཐུས་མི་ཁག་ཅིག་ང་ཚོའི་གྲོས་ཚོགས་ནང་ཕེབས་སྐབས། ང་ཚོར་ཆབ་སྲིད་ཚོགས་པ་ཡོད་མ་རེད་ཅེས་བཤད་དུས་ཁོང་རྣམ་པས་དགའ་སྣང་ཞེ་པོ་བྱེད་ཀྱི་འདུག དེ་འདྲའི་ཁོར་ཡུག་ཅིག་ཆགས་བསྡད་འདུག གལ་ཏེ་ཆབ་སྲིད་ཚོགས་པ་དགོས་ན། དེ་ཡིས་ལས་དོན་གནང་ཕྱོགས་ཁག་མང་གཙོའི་ལྟ་གྲུབ་གཞིར་བཟུང་འགྲོ་ཐུབ་དགོས་ཀྱི་རེད། མང་གཙོ་ཟེར་དུས། སྤྱི་ཡོངས་ཀྱི་ལོ་རྒྱུས་ཐོག་ནས་བཤད་པ་ཡིན་ན། ཐོག་མར་ཕྱི་ལོ་མ་བྱུང་གོང་གྷི་རི་སི་རྒྱལ་ཁབ་ནང་དར་ནས་ད་བར་ལོ་ངོ་ ༢༥༠༠ ལྷག་འགྲོ་ཡི་ཡོད་རེད་ཅེས་བཤད་སྲོལ་ཡོད་པ་དང་། ཡང་མཁས་པ་ཁག་ཅིག་གིས་སྟོན་པ་ཤཱཀྱ་ཐུབ་པའི་གསུང་གི་ནང་། འདུལ་བའི་ནང་ལོགས་ལ་དགེ་འདུན་གྱི་ཕྱག་ལས་གནང་ཕྱོགས་དེ་ཡང་ཚུལ་ཤིང་བྲིམས་ཞེས་པ་ལྟར་དགེ་འདུན་མང་བས་གང་གནང་བ་ཡིན་ནའང་དེར་མོས་མཐུན་གནང་རྒྱུའི་ལག་ལེན་བསྟར་སྲོལ་ཡོད་པ་རེད། ཤར་ཕྱོགས་ཀྱི་མང་གཙོ་དེ་བཞིན་སྐབས་དེ་དུས་དབུ་བརྙེས་པར་ངོས་འཛིན་བྱེད་མཁན་ཡང་ཡོད་པ་རེད། གང་ལྟར་དོན་དག་འདྲ་པོ་རེད། དགེ་འདུན་གྱི་ལས་དོན་བྱེད་ཕྱོགས་ནང་མང་བ་དེས་གང་ཐག་བཅད་ནའང་དེར་ཚང་མས་མོས་མཐུན་བྱེད་དགོས་ཀྱི་རེད་མ་གཏོགས། དགེ་འདུན་དེ་གཞན་པ་རེད་ཟེར་རྒྱུ་ཡོད་མ་རེད། ནུབ་ཕྱོགས་པའི་མང་གཙོའི་ནང་ཆབ་སྲིད་ཚོགས་པ་མི་འདྲ་བ་དང་། ལྟ་གྲུབ་མི་འདྲ་བ། ཕྱག་ལས་གནང་ཕྱོགས་མ་འདྲ་བ་ཡོང་བསྡད་ཀྱི་ཡོད་རེད། ཡིན་ནའང་མང་བའི་ཕྱོགས་ལ་འགྲོ་ཡི་ཡོད་པ་རེད། དེ་འདྲའི་འགྲོ་སྟངས་འདྲ་པོ་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་། ང་ཚོས་མ་འོངས་པར་མུ་མཐུད་མང་གཙོའི་ཐོག་ལ་ཡར་རྒྱས་གོང་སྤེལ་ཐོག་བསྐྱོད་རྒྱུ་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད་ཅིང་། དེ་ཡོང་བར་ཚང་མས་མགོན་པོ་གང་ཉིད་ཀྱི་བཀའ་དགོངས་གཞིར་བཟུང་རང་དབང་དང་། དྲང་བདེན། མང་གཙོ་ཚད་དང་ལྡན་པའི་ཐོག་མདུན་བསྐྱོད་བྱ་རྒྱུ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད།

དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་འདས་པའི་དུས་ཚོད་ནང་། སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་བྱ་རྒྱུ་མཚོན་པའི་མང་ཚོགས་ནང་མང་གཙོའི་གོ་རྟོགས་སྤེལ་བ་དེ་འདྲ་བྱུང་ཡོད་རེད་ལ། སྐབས་དེ་དུས་ང་ཚོ་སྐད་བཏང་བ་དེ་འདྲའང་བྱུང་སོང་། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་ལོགས་ལ་མང་གཙོའི་སྦྱོང་བརྡར་བྱེད་སྐབས་ཡིག་ཆའི་རིགས་ཨིན་ཇི་དང་། ཕ་རན་སི་སྐད་ཡིག་ཙམ་ལས་བོད་ཡིག་ནང་ཧ་ཅང་གི་ཉུང་ཉུང་རེད་འདུག དེ་འདྲའི་ཐོག་ནས་མང་གཙོའི་ཐོག་གི་ཆབ་སྲིད་ལྟ་གྲུབ་མ་འདྲ་བ། དགོངས་པ་བཞེས་ཕྱོགས་མ་འདྲ་བ། དེ་ཚོའི་རིགས་ང་ཚོའི་སྐད་ཡིག་ཐོག་སླེབས་ཐུབ་ཐབས། དེ་བཞིན་བོད་ནང་ལོགས་ལའང་ཡིག་ཆའི་ཐོག་ནས་འབྲེལ་བ་མཐུད་ཐུབ་པ། མ་འོངས་པར་བོད་ནང་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐབས་ལ་མང་གཙོའི་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་ཐུབ་དགོས་པ། བཙན་བྱོལ་སྤྱི་ཚོགས་ནང་མི་ཉུང་ཉུང་ཆགས་བསྡད་ཀྱི་ཡོད་དུས། ཕལ་ཆེར་གོ་རྟོགས་ཆ་ཚང་བ་ཞིག་ཡོང་ཐབས་ཆེད། དེ་ཚོའི་ཐོག་ཡིག་ཆ་དང་། ཟབ་ཁྲིད། གནད་ཡོད་མི་སྣ་འཛོམས་ནས་ལྷན་ཚོགས་ལྟ་བུ་ཚོགས་ཏེ་མང་གཙོའི་ཐོག་ལ་གོ་རྟོགས་སྤེལ་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལྟ་བུར་ཆ་བཞག་ན། གོང་དུ་ཚོགས་གཞོན་ཟུར་པས་གསུངས་པ་ལྟར་རེད། ཕྱི་ལོ་ ༡༩༩༠ རྗེས་ལ་ད་ལྟ་ནང་བཞིན་གྲོས་ཚོགས་འཚོགས་རྒྱུའི་གནས་སྟངས་བྱུང་བ་རེད། དེའི་སྔོན་ལ་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དང་། ཆེས་མཐོའི་རྒྱུན་ལས་ཚོགས་ཆེན་ཚོགས་ནས་ཐག་གཅོད་གནང་གི་ཡོད་རེད། ད་ལྟའི་ཆར་ཕྱི་ཟླ་ ༣ པར་སྔོན་རྩིས་གྲོས་ཚོགས་དང་། ཕྱི་ཟླ་ ༩ པར་ལས་བསྡོམས་གྲོས་ཚོགས་སམ་སྤྱིར་བཏང་གྲོས་ཚོགས་འཚོགས་བཞིན་ཡོད་པ་རེད། གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ཐད་གཏོང་ཐོག་ནས་ཕྱི་གསལ་ནང་གསལ་རེད་ལ་མི་མང་གིས་ཚང་མ་མཁྱེན་གྱི་ཡོད་རེད། དུས་རྒྱུན་གྲོས་ཚོགས་སྐབས་ངས་ཞུས་བསྡད་པ་ཞིག་ལ། རིགས་གཅིག་གིས་དགའ་མི་དགའ་དང་། སྣང་བ་འགྲོ་དང་མི་འགྲོ་ང་ཚོའི་སྤྱི་ཚོགས་དཀྲུག་རྒྱུའི་ཆེད་དུ་གྲོས་ཚོགས་ཀྱི་ལས་རིམ་ནང་གི་ཚིག་ཁ་ཤས་བཏུབ་ནས་ཡར་མར་བཀྲམས་བསྡད་ཀྱི་འདུག ལོ་རྒན་པ་མང་པོ་ཞིག་གནས་ཚུལ་ཚང་མ་མགོ་མ་ཚོད་པར་དེར་བལྟས་ནས་སྡུག་སྐད་བསྐྱོན་གྱི་འདུག གྲོས་ཚོགས་ཀྱི་གནས་ཚུལ་མགོ་ནས་མཇུག་བར་ཆ་ཚང་ཡག་པོ་ཞིག་གཟིགས་པ་ཡིན་ན། གནས་ཚུལ་དེའི་རྐྱེན་རྩ་གང་ཡིན་པ། གང་འདྲ་བྱས་ནས་ཡོང་བ། བཤད་དགོས་པའི་རྒྱུ་མཚན་གང་ཡིན་པ་ཚང་མ་དེའི་ཐོག་ནས་གཙང་མ་ཆགས་འགྲོ་ཡི་རེད། ཆ་ཚང་བ་ཡག་པོ་གཟིགས་མ་ཐུབ་པ་ཡིན་ན། ལས་རིམ་བཏུབ་པ་དེས་སྤྱི་ཚོགས་འཁྲུག་གཞི་འདྲ་པོ་ཆགས་ཀྱི་འདུག དེང་སང་སྤྱི་ཚོགས་དྲྭ་རྒྱ་ཤུགས་ཆེན་པོ་ཡིན་པའི་ཆ་ནས། སྟོབས་ཆེན་རྒྱལ་ཁབ་ཚོ་ལའང་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་དུས། ང་ཚོར་དེ་མཚུངས་ཀྱི་དཀའ་ངལ་འཕྲད་ཀྱི་རེད། དེ་རིང་འདིར་གནད་ཡོད་མི་སྣ་མང་པོ་ཞིག་འཛོམས་ཡོད་དུས། དེ་ཚོའི་ཐོག་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་དང་། ས་གནས་ལ་མར་ཕེབས་འགྲོ་དུས། གནས་ཚུལ་ཆ་ཚང་བ་རྟོགས་མ་ཐུབ་མཁན་རྣམས་ལ་གསེད་བཀྲོལ་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག སྤྱི་ཚོགས་ནང་ཚང་མས་འགན་ཁུར་དགོས་པ་རེད་མ་གཏོགས་སྒང་ལ་སྡོད་མཁན་གཅིག་པུས་བྱས་བསྡད་ན་སྙོབ་ཐུབ་ཀྱི་མ་རེད། དེང་སང་ཨ་རིའི་ནང་སྲིད་འཛིན་གྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་པ་ཚང་མ་མཐོང་གསལ་རེད། དེའི་སྐབས་གཞི་རིམ་སྤྱི་ཚོགས་ནས་འགན་ཁུར་ཤུགས་ཆེན་པོ་བླངས་ནས་སྲིད་འཛིན་འོས་མིར་མོས་མཐུན་བྱེད་དགོས་ཀྱི་ཡོད་པ་སོགས་མང་ཚོགས་ནང་ནས་སྤྱི་པའི་ཐོག་འགན་ཁུར་བཞེས་དགོས་པ་གལ་ཆེན་པོ་རེད་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན། མང་གཙོ་ཟེར་བ་དེར་ཐོབ་ཐང་ཡོད་པ་གང་ཞིག་འགན་ཁུར་ཡང་ཡོད་པར་ངོས་ལེན་དགོས་ཀྱི་ཡོད་པ་དང་། ཐོབ་ཐང་གཅིག་པུའི་ཐོག་ལ་འགྲོ་བ་ཡིན་ན་ནོར་འཁྲུལ་རེད་ཅེས་བཀའ་སློབ་ཕེབས་པ་ལྟར། ཐོབ་ཐང་དང་འགན་ཁུར་མཉམ་དུ་ཡོང་བ་ཡིན་ན་གོམ་པ་སྤོ་ས་གཅིག་ལ་སླེབས་ནས་མཚན་ཉིད་ཆ་ཚང་བ་ཞིག་ཆགས་ཀྱི་རེད། དེ་འདྲའི་ཐོག་རྣམ་པ་ཚོས་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་འདས་པའི་ལོ་ངོ་ ༣༠ རིང་ཚོགས་གཙོ་རྒྱུན་ལས་རིམ་པ་མང་པོ་ཞིག་གིས་དཀའ་ལས་བརྒྱབ་ནས་ད་བར་གྲུབ་འབྲས་གང་ལ་གང་འཚམས་ཞིག་ཐོན་ཡོད་རེད། ད་དུང་ཡང་མ་འོངས་པར་གཞིས་བྱེས་མཉམ་འཛོམས་མ་བྱུང་བར། ཚོགས་པའི་ལས་དོན་གོང་སྤེལ་ཡོང་རྒྱུར་དགོངས་པ་བཞེས་དགོས་པ་དང་། འབྲེལ་ཡོད་ཚོས་མཐུན་འགྱུར་གནང་རོགས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་དང་། དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་དོན་ཐམས་ཅད་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཟུར་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སློབ་སྟོན་པ་ཐུབ་བསྟན་སྙན་གྲགས་ལགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་འཕེལ་ལགས་བཅས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་དེ་རྗེས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་ཚེ་རིང་རྣམ་རྒྱལ་ལགས་ནས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་སྟེ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་མཛད་སྒོ་ལེགས་གྲུབ་གནང་སོང་།