དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་རྒྱལ་ས་ལྡི་ལི་དང་། སྦེལ་ཀོབ་གཞིས་ཆགས་བཅས་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཚེས་ ༣ ཉིན་རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་མཛད་སྒོར་གདན་ཞུས་ལྟར་མཉམ་ཞུགས་དང་། ཕྱི་ཚེས་ ༥ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁས་མང་འདུས་པ་རྒྱ་མཚོར་བསྙེན་བཀུར་ཟབ་རྒྱས་དང་འབྲེལ་བྱེས་གཙང་མཁན་སྤྲུལ་བསྟན་འཛིན་བློ་གྲོས་མཐའ་ཡས་རིན་པོ་ཆེ་མཆོག་ཁྲི་འདོན་ཆོས་ཞུགས་དང་། ཉིན་གུང་ཁྲི་འདོན་མཛད་སྒོ་ཞིག་འཚོགས་གཏན་ཁེལ་བའི་ཐོག་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༣ ཉིན་བཞུགས་སྒར་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གྱིས་ས་གནས་སུ་མཛད་འཆར་དང་། ཕྱི་ཚེས་ ༤ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་ལྡི་ལི་ནས་སྦེང་ལོར་བརྒྱུད་བརྒྱུད་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ཐོན་དང་། ཕྱི་ཚེས་ ༥ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༨ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།