དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དབུ་བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩིའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༢༤ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དབུ་བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་འདུག

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག གཞན་ཡང་སྤྱི་འཐུས་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་སོགས་ཕེབས་ཡོད་འདུག

མཛད་སྒོའི་ཐོག་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་རིག་གཟེངས་རྟགས་ཤིག་ཕུལ་འདུག་པ་མ་ཟད། རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་གྱི་མཁས་པའི་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ཞུས་འདུག


སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གོང་དུ་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གི་གསུང་བཤད་རེད། དེ་བཞིན་མཐུན་ཚོགས་ཀྱི་ལས་བྱེད་ཐོག་ནས་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཛད་རྣམ་སྙན་སྒྲོན་ཞུས་པ། དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་བཅས་ཚང་མའི་ཐོག་ནས་གཙོ་བོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དབུ་བརྙེས་སྟངས་དང་། དེའི་ཁྱབ་ཁོངས། དེ་བཞིན་རྩོམ་རིག་ཟེར་བ་དེ་གལ་ཆེན་པོ་ཡིན་པ། ལྷག་པར་དུ་དེའི་རྗེས་འབྲེལ་གྱི་ཐོག་ནས་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་འདས་པའི་དུས་ཡུན་ནང་པོད་ཉིས་བརྒྱ་མ་ཟིན་ཙམ་གྱི་ཕྱག་དཔེ་བརྩམས་པའི་མཛད་རྗེས་ཕུལ་དུ་བྱུང་བ་དེ་བཞིན་རྗེས་སུ་དྲན་པ་དང་། ངོས་འཛིན་གནང་བའི་ཐོག་ནས་དེ་རིང་མཛད་སྒོ་སྲུང་བརྩི་ཞུས་པའི་སྐོར་གསུངས་སོང་བས། ང་རང་མཛད་སྒོ་འདིར་བཅར་ཐུབ་པ་མ་ཟད། སྐད་ཆ་ཤོད་རྒྱུ་བྱུང་བར་བསྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གཙོ་བོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལོ་ ༢༥ འཁོར་བའི་དུས་ཡུན་ནང་འགན་ཁུར་མཁན་རིམ་པའི་ཐོག་ནས་རྒྱལ་སྤྱིའི་ནང་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་ཐོག་ནས་ངོ་སྤྲོད་གནང་རྒྱུ་དང་། ལྷག་པར་དུ་ད་ལྟ་བོད་ཀྱི་གཉན་འཕྲང་ཅན་གྱི་དུས་ཚོད་འདིའི་སྐབས་ལ། ང་ཚོ་སྐྱབས་བཅོལ་བའི་གནས་བབ་ཀྱི་ཐོག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་དང་། མི་སྣ་ཁག་ལ་འབྲེལ་བ་བྱེད་དུས། མི་རིགས་གཞན་དང་མི་འདྲ་བའི་དཀའ་ངལ་ཞིག་ཡོད་ཀྱང་། དཀའ་ངལ་དེ་དག་ཁྱད་བསད་ཀྱིས་སོ་སོའི་སྤྱི་ཚོགས་ནང་འབྲེལ་བ་བཙུགས་ཐུབ་པ། དེ་ལྟར་ཤེས་ཡོན་པའི་སྒྲིག་འཛུགས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཐོག་ནས་ཀྱང་འབྲེལ་བ་བཙུགས་ཐུབ་ནས་ད་བར་རྒྱུན་གནས་ཐུབ་སྟེ། ད་ཆ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཐུབ་པ་བྱུང་བ་ནི་འགན་ཁུར་མཁན་ཚང་མས་བྱས་རྗེས་ཆེན་པོ་བཞག་པར་ངོས་འཛིན་གྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན།

སྤྱིར་བཏང་རྩོམ་ཟེར་བ་དེར་ཁྱབ་ཁོངས་གང་ཡང་མེད་ཀྱང་། སྒོ་ཤེས་རབ་རྒྱ་མཚོ་མཚོན་པའི་རྩོམ་པ་པོ་སྙན་གྲགས་ཅན་མང་པོ་ཞིག་གི་མི་ཚེའི་བརྒྱུད་རིམ་ལ་དཀའ་ངལ་བྱུང་བ་ཡིན་དུས་ཁོང་རྣམ་པར་རང་དབང་ཡོང་ཐབས་ཆེད་དུ་ཞུ་གཏུགས་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག མ་འོངས་པར་ཡང་བོད་ནང་ལོགས་ལ་གནས་སྟངས་དེ་འདྲ་ཡོང་སྲིད་པ་རེད། དེང་སང་དུས་ཚོད་ལ་ང་རང་ཚོས་གང་ལ་གང་འཚམས་བོད་ནང་གི་གནས་སྟངས་རྟོགས་ཐུབ་ཀྱི་རེད། དེ་ཡང་ཤེས་ཡོན་གྱི་སྡེ་ཤུགས་ཆེན་པོ་ཞིག་དང་། བཙན་བྱོལ་སྤྱི་ཚོགས་དང་བསྡུར་བ་ཡིན་ན། བོད་ནང་གི་གནས་སྟངས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆབ་སྲིད་གནས་སྟངས་རེད། རིག་གཞུང་གི་གནས་བབ་རེད། དེ་ཚོའི་ཐོག་ལ་ཚད་མཐོ་པོར་ཡོང་རྒྱུའི་གདེང་ཚོད་ཡོད་པ་མང་པོ་ཞིག་མཇལ་རྒྱུ་འདུག ད་ལྟ་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཐོག་ནས་ང་ཚོ་དེ་རིང་སང་ཉིན་གྱི་གནས་སྟངས་གང་འདྲ་ཆགས་མིན་ཞུ་མ་ཤེས་པ་འདྲ་པོ་ཞིག་ཆགས་ཡོད་ཀྱང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེ་ཚོའི་ཐོག་ནས་རྩོམ་པ་པོའི་ནུས་པ་སྐྱེད་བསྲེང་བྱས་ཏེ་ཤུགས་ཆེ་རུ་འགྲོ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

དེ་དང་འབྲེལ་བའི་ཐོག་ནས་དེ་རིང་པེན་རྩོམ་པ་པོ་མཐུན་ཚོགས་དབུས་ས་མཉམ་འབྲེལ་གྱི་ཐོག་ནས་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་ཐུབ་པ་བྱུང་བ་དེ་ཡག་པོ་བྱུང་འདུག་ཅེས་ཞུ་རྒྱུ་དང་ཆབས་ཅིག ང་ཚོའི་སྤྱི་ཚོགས་ནང་ཕྱག་ལས་གནང་མཁན་ཡོང་གི་ཡོད་རེད། ཆེ་ཆུང་གང་ཡིན་ལ་མ་ལྟོས་པར་ཕྱག་ལས་གནང་མཁན་ལ་ངོས་འཛིན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་སྙན་གྲགས་འདྲ་པོ་ཡོང་སྲིད་ཀྱི་རེད་དེ། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། མིའི་སེམས་ལ་སྤྲོ་བ་ཞིག་སླེབས་ཐུབ་པ་ཡིན་ན། དེའི་ཤུགས་ཀྱི་ཐོག་ནས་སྤྱི་ཚོགས་ལ་ཕན་ཐོགས་ཤུགས་ཆེ་བ་དང་། ལྷག་བསམ་དང་སྙིང་སྟོབས་སྐྱེ་རྒྱུའི་རྒྱུ་ཆགས་ཀྱི་རེད། དེ་འདྲའི་རིགས་ངེས་པར་དུ་དགོས་རྒྱུ་ཞིག་རེད་འདུག དེ་ཡིན་དུས། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བརྩམས་ཆོས་དེ་ཚོར་བསམ་བློ་བཏང་བ་ཡིན་ན། ཏན་ཏན་མ་འདྲ་བ་ཞིག་དང་། ཐུགས་ཕན་གསོ་ཐུབ་ངེས་ཅན་ཞིག་ལ་ཡིད་ཆེས་དང་ངོས་འཛིན་བྱེད་ཀྱི་ཡོད། རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ལ་བལྟས་པ་ཡིན་ན། ཐོག་མར་མདོ་སྨད་ཕྱོགས་ནས་དབུས་ཕྱོགས་ལ་ཡར་ཕེབས་ཏེ། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ལ་ཆོས་ཞུགས་དང་། དེ་རྗེས་བཙན་བྱོལ་ཕེབས་ནས་སྦག་ས་ཆོས་སྒར་དང་། ཝཱ་ར་ཎ་སི་སོགས་ནས་སློབ་གཉེར་དང་དགེ་རྒན་གྱི་འོས་སྦྱོང་གནང་བ། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་ནང་རིག་གཞུང་གི་ཐོག་ལ་ཞབས་ཕྱི་ཞུས་པ་བཅས་མདོར་ན་རིན་པོ་ཆེ་མཆོག་གིས་སློབ་སྦྱོང་རང་གི་ཐོག་མི་ཚེ་བསྐྱལ་གནང་འདུག རིན་པོ་ཆེ་མཆོག་གི་བརྩམས་ཆོས་དག་གིས། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག ལོ་རྒྱུས་བཅས་ཀྱི་ཐོག་ལ་ཕྱག་རྗེས་ཆེན་པོ་བཞག་པར་ངོས་འཛིན་བྱེད་ཀྱི་ཡོད།

གཞི་རྩའི་ང་ཚོ་བཙན་བྱོལ་དུ་ཕེབས་མཁན་བླ་མ་རིགས་གཅིག་གིས་ཐོག་ནས་ནུབ་ཕྱོགས་སུ་མཛད་འཕྲིན་བསྐྱངས་པ་དེ་འདྲ་བྱུང་ཡོད་རེད། ཡིན་ནའང་རིན་པོ་ཆེ་མཆོག་གིས་འདི་ནས་རྐང་འདྲ་པོ་ཞིག་བཙུགས། བོད་ནང་ཕར་འབྲེལ་བ་གནང་ནས་བོད་ནང་གི་དགོན་སྡེ་ཁག་དག་ཐེར་གནང་བ་མ་ཟད། དེང་དུས་དང་མཐུན་པའི་སློབ་སྦྱོང་གི་གནས་བབ་ཡོང་རྒྱུར་དམིགས་བསལ་ཞེ་པོ་ཞིག་གནང་འདུག་ལ། དེ་ཡང་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་འདུག བོད་ཕྱི་ནང་གི་འབྲེལ་བ་འཛུགས་ཐུབ་པ་དེ་རིན་པོ་ཆེ་རྣམ་པ་ཆགས་བསྡད་ཀྱི་ཡོད་རེད། རྩ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཡོད་དུས། བོད་ནང་གི་བོད་མི་བྱིངས་ཀྱི་ཐོག་ནས་དད་མོས་དང་དགའ་ཞེན་ཞིག་རང་བཞིན་གྱི་སླེབས་ཀྱི་ཡོད་རེད། འོན་ཀྱང་སོ་སོ་སོ་སོའི་ལུང་ཚན་ལ་བབ་ཡོང་དུས། དེ་ཚོའི་གྲས་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་ཡོད་རེད། རིན་པོ་ཆེ་ལྟ་བུར་མཚོན་པ་ཡིན་ན། བོད་ནང་གི་ཀིརྟི་དགོན་པ་ཡན་ལག་དང་བཅས་པར་བཀའ་སློབ་ལམ་སྟོན་གནང་རྒྱུ་དང་། དེ་འདྲའི་འབྲེལ་བ་བཙུགས་ཐུབ་པ། དེ་བཞིན་དགུ་བཅུ་གོ་གྲངས་ནང་ཀིརྟི་བྱེས་པ་གྲྭ་ཚང་བཙུགས་ནས་བོད་ཀྱི་རིག་གནས་དང་། ནང་ཆོས་བཅས་ཀྱི་ཐོག་ལ་ཕྱག་ལས་འབུར་དུ་ཐོན་པ་གནང་ཡོད་རེད།

ང་ཚོ་ནམ་རྒྱུན་མཇལ་རྒྱུ་ཡོད་པ་ཞིག་ལ། རིན་པོ་ཆེའི་ཐོག་ནས་བཀའ་ཡིག་ཅིག་ཕེབས་པ་ཡིན་ནའང་། དེའི་མགོ་མཇུག་ཚིག་ཚང་མར་གོ་རྒྱུ་ཡོད་བསྡད་པ་འདྲ་པོ་ཞིག་དང་། ཧ་ཅང་གི་ཞིབ་ཚགས་པོ་དང་། ཚད་དང་ལྡན་པ་ཡོང་བསྡད་ཀྱི་འདུག དེ་ཡིན་དུས་བརྩམས་ཆོས་རྣམས་དེ་ལྟར་ཡིན་ཞག་རེད། སྤྱིར་ང་ཚོའི་རིག་གནས་ཀྱི་འགྲོ་སྟངས་ལ་བལྟས་པ་ཡིན་ན། ཡི་གེ་དུ་མ་འདུས་པ་ལས་མིང་དང་། མིང་དུ་མ་འདུས་པ་ལས་ཚིག ཚིག་དུ་མ་འདུས་པ་ལས་བརྗོད་པ། བརྗོད་པ་དུ་མ་འདུས་པ་ལས་རྩོམ་ཟེར་བའི་བརྒྱུད་རིམ་ཞིག་ཡོད་པ་རེད། དེ་ནང་བཞིན་སློབ་དཔོན་ཙནྡྲ་གོ་མིས་གསུངས་པ་ལྟར་རེད། གང་ཕྱིར་མཁས་པའི་ལས་གསུམ་སྟེ།། འཆད་རྩོད་གཉིས་ལ་མ་ངེས་པ།། སྲིད་ཕྱིར་མི་འཁྲུལ་རྩོམ་པ་ཉིད།། རྩོམ་ཟེར་བ་དེ་རིམ་པ་མང་པོ་ཞིག་བརྒྱུད་ནས་གོ་བ་ཡིན་དུས། གལ་ཆེན་པོ་ཞིག་དང་ཕན་ཐོགས་ཆེན་པོ་ཞིག་ཡོང་བསྡད་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་ཡོད། ནམ་རྒྱུན་རིན་པོ་ཆེའི་མཚན་གྱི་སྟེང་ལ་རོང་ཆེན་བསྟན་པའི་སྒྲོན་མེ་ཞེས་གསལ་བ་ལྟར། ང་ཚོ་བོད་གངས་ཅན་ལྗོངས་སྤྱི་ཡོངས་ཀྱི་བླ་ཆེན་ཞིག་དང་། བོད་སྤྱི་ཡོངས་ཀྱི་རིག་གཞུང་དང་བསྟན་པའི་སྒྲོན་མེ་ཟེར་ནའང་མི་འགྲིག་པ་མི་འདུག དེ་འདྲའི་མཛད་རྗེས་བཞག་ཡོད་རེད། ང་ཚོའི་ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་འདྲ་པོ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་པ་ལྟར་ང་ཚོ་བོད་ཆོལ་ཁ་གསུམ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་ཅིག་བྱེད་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ང་ཚོར་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་། རིན་པོ་ཆེ་མཆོག་གིས་དེ་ལྟར་ཕྱག་ལས་གནང་བསྡད་པ་ཞིག་མཇལ་གྱི་ཡོད། འཛམ་གླིང་སྤྱི་ཡོངས་དང་། བོད་མིའི་སྤྱི་ཚོགས། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་རིམ་པ་གནང་བ་སོགས་མཛད་རྗེས་ཞུས་ན་ཚིག་གི་མི་འདང་བ་འདྲ་པོ། མཛད་འཕྲིན་དེ་བཞིན་ཕ་མཐའ་བྲལ་བ། དེ་རིང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཐོག་ནས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བ་དེ་བཞིན་ཡག་པོ་བྱུང་འདུག་པས། འབྲེལ་ཡོང་ཚང་མར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་དགོངས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་རྒྱུའི་ཐོག་ཚང་མས་ཐུགས་སྨོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཚང་མར་ཐུགས་རྗེ་ཆེ་ཞུས་གསུངས་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་དོན། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་བཙུགས་དགོས་པའི་རྒྱུ་མཚན་གྱི་ཐོག་ནས་ཐོག་མར་ཀུན་སློང་གི་ས་བོན་འདེབས་མཁན་ནས་དུས་ད་ལྟ་བར་གྱི་རྒྱུན་ལས་རིམ་བྱོན་ཚང་མར་དེ་རིང་ལོ་ངོ་ ༢༥ འཁོར་བའི་དུས་དྲན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་འཚམས་འདྲི་ཞུ་རྒྱུ་དང་། ད་ལྟ་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་རྩོམ་སྒྲིག་གཟེངས་རྟགས་ཕུལ་བ་རེད། དེ་ཕུལ་བར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ང་ཚོས་ལོ་རྒྱུས་ལ་མར་བལྟས་པ་ཡིན་ན། རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས། མི་ཚེ་གཅིག་ལ་སྐྱེ་བ་གསུམ། ཞེས་པའི་ཕྱག་དེབ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་བརྗོད་ཞིག་སྩལ་ཡོད་པ་དེའི་ནང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བོད་རང་དབང་ཡིན་པའི་སྐབས་སུ་ཡང་བོད་ཀྱི་སྤྱི་ཚོགས་ཀྱི་བྱ་གཞག་རེད། ཆོས་དང་རིག་གཞུང་རེད། རིག་གནས་འཕེལ་རྒྱས་ཀྱི་ཐོག་ལ་ཐུགས་ཞིབ་ཡོད་བསྡད་པ་དང་། དེ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱས་པའི་སྐབས་བོད་ནང་དྲག་གནོན་བཅོས་བསྒྱུར་སོགས་ཆ་ཚང་ལོགས་ལ་ཐུགས་ཞིབ་མྱོང་བ་ཡོད་བསྡད་པ། བཙན་བྱོལ་ནང་སླེབས་ནས་ང་ཚོའི་རང་མི་རིགས་ཀྱི་རིག་གནས་གཅེས་ཉར་བྱེད་སྟངས་རེད། མང་གཙོའི་འཕེལ་རིམ་གྱི་བྱ་གཞག་གི་དཔང་པོ་ཙམ་མ་ཟད། དེའི་ནང་མཉམ་ཞུགས་ཀྱིས་སྐུ་ལས་བསྐྱོན་ཡོད་པའི་སྐོར་དང་། ད་ལྟ་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་ཐོག་ནས་གསུང་རྩོམ་ ༡༤༠ ལྷག་བརྩམས་ཡོད་པའི་སྐོར་གསུངས་པ་ལྟར་ཡིན་དུས། བོད་ཀྱི་རིག་གནས་ཐོག་ལ་ཧ་ཅང་གི་ཐུགས་ཁུར་བཞེས་ཡོད་པའི་ཆ་ནས། དེ་ལྟ་བུའི་གཟེངས་རྟགས་ཕུལ་བ་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་ལེགས་སོའི་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

གཞི་རྩའི་བཙན་བྱོལ་ནང་སློབ་གྲྭ་བཙུགས་ནས་མི་ལོ་དྲུག་བཅུ་ལྷག་འགྲོ་ཡི་ཡོད་པ་མ་ཟད། བོད་ཡིག་བསླབས་ནས་དུས་ཚོད་གང་ལ་གང་འཚམས་ཕྱིན་ཡོད་རེད། ང་རང་འདྲ་པོར་ཆ་བཞག་ན། བཙན་བྱོལ་དུ་སླེབས་མ་ཐག་པའི་སློབ་ཕྲུག་གི་གྲས་ཤིག་ཆགས་བསྡད་ཡོད་པ་དང་། བོད་ཡིག་སློབ་སྦྱོང་བྱས་མྱོང་མཁན་ཞིག་ཡིན་ཡང་། རྩོམ་རིག་ཐོག་ལ་དེ་ཙམ་གྱི་ཤུགས་བརྒྱབ་ཐུབ་ཡོད་དམ་ཟེར་ན། དེ་རང་བཞིན་གྱི་དྲི་བ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ངར་མགྲོན་ཤོག་འབྱོར་བའི་སྐབས། སོ་སོས་སོ་སོར་བསྐྱར་ཞིབ་ཅིག་བྱེད་དུས། ནོར་འཁྲུལ་དེ་བཀའ་དྲིན་ཆེ་བའི་དགེ་རྒན་རྣམ་པའི་རེད་མི་འདུག ང་རང་པན་ཅི་མ་རི་སློབ་གྲྭ་སྒྲིམ་དུས། བོད་ཡིག་བསླབ་པའི་སྐབས་རྩ་བ་ངག་ཐོག་འཛིན་རྒྱུ་ཙམ་མ་ཡིན་པར་སྙན་ངག་གི་དཔེར་བརྗོད་མང་པོ་བྲིས་མྱོང་བའི་སློབ་ཕྲུག་ཅིག་དང་། གྲོགས་པོ་གྲོགས་མོ་ནང་ཁུལ་ཡི་གེ་བཏང་བའི་སྐབས་ལྷུག་རྩོམ་ནང་ལོགས་ལ་སྙན་ངག་གི་ཚིག་བེད་སྤྱོད་གཏོང་རྒྱུར་དང་དོད་ཡོད་མཁན་ཞིག་ཏན་ཏན་ཆགས་ཀྱི་ཡོད། དེ་ནས་ག་བར་མཚམས་ཆད་འདུག་ཟེར་ན། མཐོ་རིམ་སློབ་གྲྭ་ཁག་སྒྲིམ་པའི་སྐབས་དང་། ཨིན་ཡིག་དང་སྤྱི་ཚོགས་རིག་གནས་སོགས་དང་འབྲེལ་བའི་དགེ་རྒན་གྱི་ལས་ཀ་བྱས་པའི་སྐབས་བོད་ཡིག་དང་ཁ་བྲལ་ནས། དེ་འདྲའི་ཐོག་ནས་འཐུས་ཤོར་ཕྱིན་འདུག དེ་ལྟར་འཐུས་ཤོར་མི་ཡོང་བར་གང་བྱེད་དགོས་རེད་ཟེར་བའི་དྲི་བ་ཞིག་རང་བཞིན་གྱི་སླེབས་བསྡད་ཀྱི་འདུག དེར་ཤེས་རིག་ལས་ཁུངས་གཅིག་པུས་གནང་ཐུབ་པ་ཞིག་རེད་མི་འདུག ཉེ་བའི་ཆར་སྤྱི་ཚོགས་ཀྱི་དཔེ་མཛོད་ཟེར་ནས་དཔེ་དེབ་མང་པོ་མཁོ་སྒྲུབ་ཀྱིས་འབྲི་ཀློག་གཉིས་ལ་དབྱིངས་ཞུགས་རྒྱུར་ལས་འགུལ་ཞིག་སྤེལ་བཞིན་འདུག་པས། དེ་བཟང་ཕྱོགས་ཀྱི་རྣམ་པ་རེད། ཆུང་བྱིས་པའི་དུས་ནས་དཔེ་དེབ་ཀློག་རྒྱུའི་གོམས་འདྲིས་དང་། སྤྲོ་བ་ཇི་ལྟར་སྤྲོད་དགོས་ཀྱི་ཡོད་པའི་ཐོག་ཕ་མ་དང་། དགེ་རྒན། སྤྱི་ཚོགས། སློབ་གྲྭ་བཅས་ཚང་མས་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཀྱི་འདུག དེ་དང་ཕྱོགས་མཚུངས་ན་གཞོན་ཚོའི་ནང་ལོགས་ལ་བྱིས་པའི་སྙན་ངག་གི་མཐུན་ཚོགས་འདྲ་པོའི་ཐོག་ནས་བགྲོ་གླེང་དང་། ཤེས་བྱ་སྤེལ་རེས་ཀྱི་ཆ་རྐྱེན་བསྐྲུན་པ་ཡིན་ན་གང་འདྲ་ཡོད་དམ་ཞེས་ངའི་བསམ་ཚུལ་ཞུ་རྒྱུ་ཡིན།

རྩ་བའི་དགེ་རྒན་བྱས་པའི་བརྒྱུད་རིམ་ནང་ལོགས་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ། བོད་པའི་ན་གཞོན་ཚོ་བོད་མི་བཟང་པོ་ཞིག་དང་། སྨྱུག་འཛིན་གྱི་དཔའ་བོ་ཞིག་ལ་བསྐྲུན་རྒྱུའི་ཐོག་ལ་ཁྱེད་ཚོས་དཀའ་ལས་རྒྱོབ་ཅེས་བཀའ་སློབ་ཕེབས་པ་དེ་སེམས་ལ་ཡོད་བསྡད་པ་ཞིག་ཡིན། ཡིན་ནའང་། སྨྱུག་འཛིན་གྱི་དཔའ་བོ་ག་ཚོད་བཟོ་ཐུབ་འདུག་ཅེས་ལབ་ན། དེ་ང་ཚོ་ཚང་མར་དྲི་བ་ཞིག་ཆགས་བསྡད་ཀྱི་རེད། སྨྱུག་འཛིན་གྱི་དཔའ་བོ་ཞིག་ཆགས་པར་རང་མི་རིགས་ཀྱི་རིག་གནས་ལ་དབྱིངས་དང་དོ་སྣང་། དེ་ཁྱབ་སྤེལ་བྱ་རྒྱུར་གནད་འགག་དང་ད་ལྟའི་དུས་ཚོད་ལ་བོད་ཀྱི་ཆག་འཇིག་གི་གནས་སྟངས་བཅས་ལ་བསམ་ཐུབ་མཁན་གྱི་མི་རབས་ཤིག་བསྐྲུན་དགོས་པ་ཏན་ཏན་ཆགས་ཀྱི་རེད་བསམ་གྱི་འདུག དེ་ཡིན་དུས། ཕྱི་རྒྱལ་ནང་། སྨྱུ་གུ་དེ་གྲི་ལས་སྟོབས་ཤུགས་ཆེ་བ་ཡོད་རེད་ཅེས་གསུངས་སྲོལ་ཡོད་པ་ལྟར། སྨྱུ་གུ་དེ་རྩོམ་རིག་གི་མཚོན་དོན་དང་། སྤྱི་ཚོགས་ཀྱི་འཕེལ་རིམ་དང་དར་རྒུད་གང་ལ་གཟིགས་པ་ཡིན་ནའང་། རྩོམ་པ་པོ་ཚོས་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། གཟུ་བོར་གནས་པའི་རྩོམ་པ་པོའི་བརྩམས་ཆོས་ལས་སྤྱི་ཚོགས་གཉིད་ལས་སད་པ་དང་། སྤྱི་ཚོགས་ནང་ཁུལ་ལ་སེམས་འགུལ་ཐེབས་ཐུབ་པ། སྤྱི་ཚོགས་ཀྱི་ཞན་ཆ་རྣམས་ལེགས་སྤེལ་ཉེས་འགོག་གི་ཐོག་ནས་མེད་པ་བཟོས་ཡོད་དུས། རྩོམ་པ་པོ་ཚོ་སྤྱི་ཚོགས་ཐོག་ལ་ཐུགས་འགན་ཡོད་པ་ཞིག་ཆགས་ཀྱི་ཡོད། དེ་བཞིན་གཟུ་བོར་གནས་པའི་རྩོམ་པ་པོའི་རྩོམ་ཡིག་དག་ཀློག་མཁན་ཞིག་ཀྱང་ངེས་པར་དུ་དགོས་ཀྱི་ཡོད་རེད། ང་ཚོ་སློབ་ཕྲུག་བྱས་པའི་སྐབས་བཀླག་རྒྱུའི་དེབ་དེ་ཙམ་མང་པོ་མེད་ཀྱང་ཀློག་མཁན་མང་པོ་ཡོད་རེད། དེང་སང་དེབ་མང་པོ་པར་བསྐྲུན་བྱས་ཡོད་ཀྱང་། ཀློག་མཁན་དེ་ཙམ་ཡོད་དམ་ཟེར་ན་དེ་རང་བཞིན་གྱི་དྲི་བ་ཞིག་ཆགས་ཀྱི་ཡོད་རེད། གང་ལྟར་ད་ལྟ་དྲྭ་རྒྱའི་དུས་ཚོད་ཅིག་ཡིན་དུས། འཕྲུལ་དེབ་ (E-book) ཡིན་ནའང་རེད། དེབ་གཟུགས་ཡིན་ནའང་རེད། དེ་དག་བཀླག་རྒྱུའི་ཐོག་ལ་སྤྱི་ཚོགས་རང་གི་ཐོག་ནས་དོ་སྣང་སྤྲོད་དགོས་པ་ཞིག་ཆགས་ཀྱི་འདུག ཕྱི་སྡོད་པེན་མཐུན་ཚོགས་དེ་རྒྱལ་སྤྱིའི་པེན་མཐུན་ཚོགས་ཀྱི་ཆ་ཤས་ཤིག་ཆགས་བསྡད་ཡོད་དུས། རྒྱལ་སྤྱིའི་པེན་མཐུན་ཚོགས་བཙུགས་དགོས་པ་དེ་ཡང་། འཛམ་གླིང་ནང་རྩོམ་པ་པོས་རྩོམ་ཡིག་བྲིས་པར་བརྟེན་ནས་བཙོན་ཁང་ལ་ཚུད་པ་དང་། རང་དབང་བྲལ་བའི་གནས་སྟངས་ཀྱི་ཐོག་ནས་ཐོག་མར་བཙུགས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྩོམ་རིག་གིས་ས་མཚམས་མི་འབྱེད་ཟེར་བ་དེ་མཐུན་ཚོགས་འདིའི་གདམས་ངག་རེད་འདུག རྩོམ་རིག་དེ་ཡང་ས་ཁུལ་གཅིག་ལ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་ཐུབ་ཀྱི་ཡོད་དུས། རྒྱ་ནག་དམར་གཞུང་གིས་བོད་ནང་བྱིས་པ་རྣམས་རྒྱའི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་པ་དང་། ཉེ་ཆར་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གཙོས་པའི་བོད་ཡིག་བསླབ་སའི་སློབ་གྲྭ་ཁག་མང་པོ་ཞིག་བཙན་ཤེད་ཐོག་སྒོ་བརྒྱབ་བཅུག་པ་སོགས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ལས་འགུལ་ཞིག་སྤེལ་བཞིན་པ་དེར། ང་ཚོ་ཚང་མས་དེ་ལ་དཔག་པའི་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ཐོག་ཤུགས་རྒྱག་དགོས་པ་ཞིག་ཏན་ཏན་ཆགས་བསྡད་ཀྱི་ཡོད་རེད། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ། རང་དབང་ལུང་པའི་ནང་ཡོད་པ་ཚང་མས་དེ་རིང་མཛད་སྒོ་འདིའི་ཐོག་རང་མི་རིགས་ཀྱི་རིག་གནས་ཐོག་འགན་ཁུར་དགོས་པའི་དམ་བཅའ་ཞིག་འཇོག་དགོས་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་འདུག་པ་བཅས།