༄༅། །རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་མ་ཡུམ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ཚེས་ ༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྤྱི་ཁྱབ་བློན་ཆེན་མཆོག་གི་ལྟོས་བཅས་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུས་འདུག
དེ་ཡང་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་མ་ཡུམ་ལས་བཟང་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་བློ་ཕམ་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དཀའ་སྡུག་ཆེ་བའི་དུས་སྐབས་འདིར་སྐུ་ཉིད་དང་། ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
ནང་པའི་གཞུང་ལུགས་ནང་། མི་རྟག་པ་ནི་མི་ཚེའི་ཆོས་ཉིད་ཅིག་ཡིན་པ་གསལ་བ་ལྟར། བཟློག་ཏུ་མེད་པའི་དུས་སྐབས་འདིར་ང་ཚོས་ཁོག་རྒྱ་ཡངས་པོས་གདོང་ལེན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། བྱམས་བརྩེ་ཆེ་བའི་སྐུ་ཉིད་ཀྱི་མ་ཡུམ་ཁོང་ལྟ་བུ་སྐུ་གཤེགས་པ་དེས་ཁ་བསྐོང་མི་ཐུབ་པའི་སྟོང་ཆ་ཆེན་པོ་ཞིག་བཞག་ཡོད། དམ་པ་ཁོང་སྐུ་འཚོ་བཞུགས་སྐབས། ཉིན་རེའི་མི་ཚེའི་ནང་བྱམས་པ་དང་། བརྩེ་བ། སྙིང་རྗེའི་ཉམས་ལེན་བཅས་ཀྱི་ཐོག་བཞག་པའི་མཛད་རྗེས་དག་ཁོང་དང་འབྲེལ་འདྲིས་བྱུང་བའི་མི་ཚང་མའི་རྒྱུད་ལ་རྟག་ཏུ་འཇགས་ངེས་ཡིན།
དམ་པ་དེ་ཉིད་ཀྱི་སྔོན་བསགས་དགེ་བའི་མཐུ་ལ་བརྟེན་ནས་དལ་འབྱོར་གྱི་རྟེན་བཟང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་འདུན་ཞུ་རྒྱུ་དང་། དེ་བཞིན་དཀའ་སྡུག་ཆེ་བའི་དུས་སྐབས་འདིར་ང་ཚོ་བོད་མི་ཚང་མས་སྐུ་ཉིད་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།