དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་གནང་ནས་སློབ་གྲྭའི་དགེ་ལས་རྣམ་པ་དང་། འཛིན་རིམ་དགུ་པ་དང་བཅུ་པའི་སློབ་ཕྲུག་ཡོངས་ལ་ཐོག་མ་འཚམས་འདྲི་དང་སྦྲགས། དེ་བཞིན་མཛད་སྒོའི་ཐོག་བཅར་དགོས་པའི་དམིགས་ཡུལ་དང་། དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་ལམ་སྟོན་གསུང་བཤད་གནང་ཡོད།

དེ་ཡང་དཔལ་ལྡན་བོད་མི་མང་ཚོགས་གཞོན་མཆོག་ནས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། ང་སློབ་གྲྭ་འདིའི་དགེ་རྒན་རྙིང་པ་ཞིག་ཡིན་པའི་ཆ་ནས་བཀའ་མ་ཅོག་པའི་ཆ་ནས་ཡོང་བ་ཡིན། ང་ལ་གཞན་ལ་མེད་པའི་ཐོལ་པ་དང་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་། དགེ་རྒན་ལོ་ ༢༦ རིང་བྱས་པའི་ཉམས་མྱོང་ཡོད་པ་དང་། རང་ཉིད་ཕ་མ་ཞིག དེ་བཞིན་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་ཡོད་པས། ལྷག་པར་དུ་དེ་རིང་ཕ་མ་མང་པོ་ཞིག་འདིར་ཕེབས་པ་སོང་ཙང་། ཕུན་སུམ་ཚོགས་པའི་གནས་སྐབས་དེར་ཉམས་མྱོང་གི་ཚིག་རྐང་གསུམ་ཞིག་བཤད་པ་ཡིན་ན། ཐུགས་ཕན་ཏོག་ཙམ་གསོས་ཀྱི་མིན་འགྲོ་སྙམ་པའི་ཐོག་ནས་འདིར་བཅར་བ་ཡིན།

སློབ་ཕྲུག་རྣམས་ནི་མ་འོངས་འཛམ་བུ་གླིང་དང་བོད་ཀྱི་སོན་རྩ་ཡིན་པས་དགེ་རྒན་དང་སློབ་ཕྲུག་དབར་འབྲེལ་བ་གཏིང་ཟབ་པོ་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། ང་རང་ཚོ་དྷ་སྟེང་བོད་ཁྱིམ་འདི་ཁྱིམ་ཚང་གཅིག་ཡིན་དུས་ལེགས་སྡུག་གི་གནས་སྟངས་ག་རེ་འཕྲད་ཀྱི་ཡོད་རུང་གཅིག་ལ་གཅིག་རྟེན་གྱི་ནུས་པ་མཉམ་སྤུངས་ཐོག་གོམ་པ་མདུན་སྤོས་འགྲོ་དགོས་ཀྱི་ཡོད་རེད། ལྷག་པར་དུ་བོད་མི་རྣམས་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཆགས་ཡོད་དུས་འཐབ་རྩོད་འདི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཁྲིད་པའི་ང་ཚོས་འཚེ་མེད་ཞི་བའི་ལམ་ནས་རྩོད་དགོས་ཀྱི་ཡོད་པ་སོང་ཙང་ང་ཚོར་ཤེས་ཡོན་གྱི་ནུས་པ་དགོས་ཀྱི་ཡོད་རེད། ཤེས་ཡོན་དེ་ཡང་སློབ་གྲྭ་ནས་སྤྲོད་ཀྱི་ཡོད་པ་དང་། ཤེས་ཡོན་གྱི་ནུས་པའང་སློབ་ཕྲུག་དང་། དགེ་རྒན། ཕ་ཚབ་མ་ཚབ། ཕ་མ། སྤྱི་ཚོགས་བཅས་ཚང་མས་མཉམ་རུབ་ཀྱིས་མ་འོངས་བོད་ཀྱི་སོན་རྩ་རྣམས་གསོ་སྐྱོང་བྱེད་དགོས་ཀྱི་ཡོད་རེད།

དགེ་རྒན་གྱིས་སློབ་ཕྲུག་ཚོའི་སེམས་ནང་ཞེད་སྣང་དང་དངངས་སྐྲག་མེད་པ་བཟོ་དགོས་རྒྱུ་དེ་གལ་ཆེ་ཤོས་ཡིན། གང་ཡིན་ཟེར་ན། དེང་སང་འགྲན་བསྡུར་གྱི་དུས་ཚོད་ཅིག་ཡིན་པ་སོང་ཙང་སློབ་ཕྲུག་གི་སེམས་ནང་དངངས་སྐྲག་དང་ཞེད་སྣང་ཞེ་དྲག་ཡོང་གི་ཡོད་དུས་དེ་མེད་པ་བཟོ་དགོས་རྒྱུ་འདི་དགེ་རྒན་གྱི་ལས་འགན་དང་ཤོས་དེ་ཡིན། དེ་ནས་ཕྲུ་གུ་ཚོར་སེམས་ཤུགས་སྤོར་དགོས་རྒྱུ། དགེ་རྒན་གྱིས་སློབ་ཕྲུག་ཚོར་སློབ་ཁྲིད་གནང་བའི་སྐབས་སུའང་འཚེ་མེད་ཞི་བའི་ལམ་ནས་གནང་དགོས་ཀྱི་རེད། དགེ་རྒན་གྱིས་ཕྲུ་གུའི་འཚར་ལོངས་ལ་གནོད་འཚེའི་རིགས་དཔེར་ན། མིང་འདོགས་ཡན་ཆད་ནས་འདོགས་མི་ཆོག་པ་བཟོ་དགོས་རྒྱུ་གལ་ཆེན་ཡིན། སློབ་ཕྲུག་ཞན་པ་རྣམས་ལ་གསོ་སྐྱོང་དང་དམིགས་བསལ་དོ་སྣང་སྤྲོད་དགོས། སློབ་ཕྲུག་གི་གདོང་ལ་འཛུམ་མདངས་སླེབ་པ་བཟོ་དགོས་པ་ནི་དགེ་རྒན་གྱི་ལས་འགན་དང་པོ་ཡིན།

དེ་འདྲའི་མཛའ་བརྩེའི་ཁོར་ཡུག་ཅིག་སྐྲུན་ཐུབ་པ་ཡིན་ན། སྣོད་འདི་རང་བཞིན་གྱི་ཡང་དག་པ་ཆགས་སོང་བས་གང་བསླབ་ཡིན་ནའང་སེམས་ནང་ངེས་རྒྱུ་དང་ཤེས་རྒྱུའི་གོ་སྐབས་ཁོར་ཡུག་སྐྲུན་དགོས་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཡིན།

གཉིས་པ་ཤེས་ཡོན་ཟེར་བ་འདི། ཐོས་བསམ་སྒོམ་གསུམ་འཛོམས་པའི་ཐོག་ནས་སྦྱོང་དགོས་ཀྱི་ཡོད་པ་དང། ལེགས་ངན་དབྱེ་བ་ཕྱེད་ཐུབ་པའི་དཔྱད་པ་འདི་དགོས་ཀྱི་རེད། དེང་སང་སྤྱི་ཚོགས་དྲ་ལམ་གྱི་དུས་ཚོད་ཅིག་ཡིན་དུས་སོ་སོས་ག་རེ་ལྟ་ཡི་ཡོད། འདིའི་ཐོག་ལ་གཟབ་གཟབ་མ་བྱས་པ་ཡིན་ན་སོ་སོའི་སེམས་ཁམས་ལ་གནོད་པའི་ཉེན་ཁ་ཆེན་པོ་ཡོད། སྤྱི་ཚོགས་དྲ་ལམ་བརྒྱུད་ག་རེ་ལྟ་བ་དང་ཉན་ཡང་རྙོག་གྲ་རིགས་ཀྱི་གནས་ཚུལ་རྣམས་དུས་ནམ་ཡང་ཉན་རྒྱུ་མེད། དེ་དང་ཕྱོགས་མཚུངས་དྲ་ལམ་ནང་ཤེས་བྱ་ལེགས་ཆ་ལེན་རྒྱུ་ཡང་མང་པོ་ཡོད་པས་དེ་དག་ཉན་ཐུབ་ན་སོ་སོར་ཕན་ཐོགས་ཡོད་རེད། ཤེས་བྱ་མཐའ་ཡས་པ་ཡོད་པ་རེད། དགེ་རྒན་གྱིས་དུས་ཚོད་ཐུང་ངུ་འདིའི་ནང་ངོ་སྤྲོད་ཙམ་མ་གཏོགས་ཆ་ཚང་སློབ་ཐུབ་ཀྱི་མེད་པས་སོ་སོས་དྲ་རྒྱ་བརྒྱུད་ལམ་ནས་ཡར་རྒྱས་གཏོང་དགོས་རིགས་ངེས་པར་དུ་ལེན་ཤེས་དགོས་རྒྱུ་གལ་ཆེ་ཡིན།

ཕྱི་ལོ་ ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་གནང་བ་དང་བོད་མི་རིགས་དང་ལྡན་པའི་ཤེས་ཡོན་སྲིད་བྱུས་དགོས་མཁོ་ཡོད་པ་གཟིགས་ནས་བཀའ་ཤག་སྐབས་ ༡༢ སྐབས་སུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་ཤག་ཏུ་ཕེབས་སྐབས་གཞི་རིམ་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་གནང་ཡོད། དེར་སློབ་ཕྲུག་ཙམ་མ་ཟད་ལྷག་པར་དུ་དགེ་རྒན་ཚོས་དེའི་ཐད་ལ་དོ་སྣང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དེ་ཡང་རྒྱ་གར་རྒྱལ་ཡོངས་ NCERT དང་མི་འདྲ་བའི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་གནང་ཡོད་རེད། ཤེས་ཡོན་སྲིད་བྱུས་དེའི་ནང་དེང་རབས་ཀྱི་ཤེས་བྱ་ལེན་རྒྱུ་ཡོད་པ་མ་ཟད་གནའ་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་ཐོག་རིག་གཞུང་གཅིག་པའི་ན་གཞོན་ཚང་མ་མཉམ་ཁྲིད་བྱེད་ཐུབ་པའི་སྲིད་བྱུས་ཤིག་བཟོས་ཡོད་རེད། རྩ་བའི་ཡིག་རྒྱུགས་ཐོག་ཨང་ཀི་ལེན་རྒྱུ་གལ་ཆེན་པོ་རེད། གང་ལགས་ཞེ་ན། ཨང་ཀི་དེར་གཞི་བཞག་པའི་སོ་སོའི་འདོད་པ་ཡོད་པའི་མཐོ་སློབ་འདམས་རྒྱུ་ཡོད་རེད། ཡིན་ནའང་། ཡིག་རྒྱུགས་གཅིག་པུར་མིན་པར་དུས་རྒྱུན་དུ་ནས་སློབ་སྦྱོང་ལ་དོ་སྣང་སྤྲོད་དགོས་རྒྱུ་དེ་ལས་ཀྱང་གལ་ཆེ་བ་ཡིན།

དེ་བཞིན་ཕ་མ་ཚོའི་ངོས་ནས་སོ་སོའི་ཕྲུ་གུའི་མདུན་ལམ་ཆེད་རང་སྦྱོང་གི་ཆེད་དུ་ཁོར་ཡུག་སྐྲུན་དགོས་པ་དང་། དུས་ཚོད་བློས་གཏོང་དགོས་རིགས་མང་པོ་ཞིག་ཡོང་གི་ཡོད་རེད། དེ་མིན་པར་དངུལ་མང་པོ་སྤྲད། ཕྲུ་གུས་ག་རེ་བྱེད་ཀྱི་ཡོད་པ་དང་སུའི་མཉམ་དུ་འགྲོ་ཡི་ཡོད་པའང་མི་ཤེས་པ། ཕྲུ་གུའི་དུས་ཚོད་ལ་དོ་སྣང་གང་ཡང་མ་བྱས་པ་ཡིན་ན། དངུལ་གྱིས་ཕྲུ་གུ་འཕྲོ་བརླག་འགྲོ་བའི་ཉེན་ཁ་ཡོད་རེད། ཕ་མ་འཁྲིས་ལ་མེད་མཁན་ཚོར་དེར་དམིགས་བསལ་བལྟ་རྟོགས་བྱེད་མཁན་དགོས་རེད། ཕྲུ་གུ་འཕྲོ་བརླག་མ་འགྲོ་བའི་འགན་འདི་སློབ་གྲྭར་ཡོད། དེའི་ཐོག་སྒྲིག་འཛུགས་དགོས་གལ་ཆེ། ཆུང་དུས་སྐབས་སྐྱོན་ཆག་ཅིག་བྱུང་བ་ཡིན་ན། བོད་མི་རིགས་ཀྱི་འཐབ་རྩོད་བྱེད་མཁན་ཞིག་འཕྲོ་བརླག་འགྲོ་ཡི་ཡོད་རེད། སོང་ཙང་ང་ཚོར་འཐབ་རྩོད་ཆེད་གསར་གཏོད་རང་བཞིན་ལྡན་པའི་ན་གཞོན་དགོས་ཀྱི་ཡོད་རེད།

ང་ཚོས་ན་གཞོན་ཚོར་སློབ་གྲྭ་ཐོན་རྗེས་ལས་ཀ་རག་རྒྱུ་གཅིག་པུའི་ཆེད་ཤེས་ཡོན་སྤྲོད་ཀྱི་ཡོད་མ་རེད། ཤེས་ཡོན་སྲིད་བྱུས་ནང་ཆུ་སྣ་གར་ཁྲིད་ལྟ་བུ་མིན་པར་རྣམ་དཔྱོད་རང་སྐྱ་འཕེར་བ་བཟོ་ཐུབ་པ་དེ་ཡིན། སོང་ཙང་ཤེས་ཡོན་སྲིད་བྱུས་ནང་འགྲན་བསྡུར་མེད་པའི་སྲིད་བྱུས་ལམ་ལུགས་ཞུ་ཡི་ཡོད་རེད། འགྲན་བསྡུར་དེ་སོ་སོས་སོ་སོར་ནུས་པ་སྐྱེད་སྲིང་ཆེད་གཏོང་དགོས་ཀྱི་ཡོད་པ་ལས་གཞན་ལ་འགྲན་བསྡུར་བྱས་ན་སོ་སོར་སྡུག་བསྔལ་ཉོས་པ་དང་གཅིག་མཚུངས་རེད། སོང་ཙང་ཕ་མ་ཚོས་ཡིན་ནའང་འདི་མཁྱེན་པ་གནང་རོགས་གནོངས། གཞོན་པ་ཚོས་ཡིན་ནའང་འདི་ཤེས་པ་གནང་རོགས་གནོངས།

སློབ་ཕྲུག་ཁྱེད་རང་ཚོ་ཧ་ཅང་གི་སྐལ་བ་བཟང་པོ་རེད། བོད་ནང་གནས་ཚུལ་བཤད་པ་ཡིན་ན། བོད་ཕྲུག་ན་གཞོན་ལོ་ ༤ ནས་ ༡༦ བར་རྒྱ་ནག་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་དབང་གིས་ཕ་མ་དང་ཁ་བྲལ་བཏང་སྟེ། ཕ་མ་མཉམ་དུ་སྡོད་རྒྱུའི་རང་དབང་ཡོད་མ་རེད། རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསོ་སྐྱོང་གི་གོ་སྐབས་ཡོད་མ་རེད། ང་ཚོ་ག་པར་ཕྱིན་པ་ཡིན་ནའང་རྒྱལ་སྤྱིའི་སྡིངས་ཆའི་སྒང་འདི་སྐད་རྒྱག་གི་ཡོད་རེད། ཁྱེད་རང་ཚོ་བོད་མི་རིགས་ཀྱི་དགེ་རྒན་དང་ཕ་མ་མཉམ་དུ་སྡོད་རྒྱུའི་གོ་སྐབས་ཡོད་པ་དེ་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་ཚོར་དགོས་རེད། ཁྱེད་རང་ཚོ་ལ་དྭགས་ནས་ཡིན་པའི་སློབ་ཕྲུག་རྣམས་བོད་པའི་རིག་གཞུང་དང་གཅིག་པ་རེད། ད་ལྟ་ཁྱེད་རང་ཚོ་རྒྱ་གར་འོག་ཏུ་རེད་དེ་ཆོས་དང་། རིག་གཞུང་། སྐད་ཡིག ལེགས་བྱང་ཡོངས་རྫོགས་བོད་པ་དང་གཅིག་པ་ཡིན་པའི་ཆ་ནས་གོ་སྐབས་འདི་རག་པ་འདི་ཧ་ཅང་གི་སྐལ་བ་བཟང་པོ་རེད། བོད་དུ་བཅའ་སྡོད་སློབ་གྲྭའི་ནང་ཡོད་པའི་བོད་ཕྲུག་ཚོར་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་། རྒྱལ་རབས་སྦྱང་རྒྱུའི་གོ་སྐབས་འདི་ཡོད་མ་རེད། ཕ་མ་དང་ཕྲུ་གུ་ཁ་བྲལ་བཏང་ནས་ཐ་མ་ཐུག་པའི་སྐབས་སུ་ཕྲུ་གུའི་ཕ་མར་རྒྱ་སྐད་མ་གཏོགས་རྒྱག་མ་ཤེས། ཕ་མའི་རྒྱ་སྐད་མི་ཤེས། ཕན་ཚུན་བརྩེ་བ་སྟོན་མི་ཐུབ་པར་མིག་ཆུ་བཏང་ནས་གཟུགས་རྒྱག་རྒྱུའི་གནད་འབབ་དེ་འདྲ་ཡོད་རེད། དེ་དག་ངེས་པར་དུ་སེམས་ནང་བཅང་བ་ཡིན་ན་ཁྱེད་རང་ཚོ་བསོད་ནམས་ཆེན་པོ་ཡིན་པའི་ཚོར་བ་འདི་ཏན་ཏན་སླེབ་ཀྱི་རེད། སྡུག་སར་བལྟས་པ་ཡིན་ན་སོ་སོ་ཇི་ཙམ་བསོད་ནམས་ཆེན་པོ་ཡིན་པ་ཚོར་གྱི་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ། བོད་མི་རིགས་ཀྱི་ཁྱད་ཆོས་སྲུང་སྐྱོབ་བྱ་རྒྱུ། བོད་མི་རིགས་ཀྱི་འཐབ་རྩོད་ལ་ཕན་པའི་མི་ཞིག་བཟོ་རྒྱུ་འདི་ང་ཚོའི་ལས་འགན་གལ་ཆེ་ཤོས་ཤིག་རེད།

ང་ཚོའི་སློབ་གྲྭ་འདིར་ཧི་མྰ་ལ་ཡའི་སློབ་ཕྲུག་བརྒྱ་ཆ་ ༦༠ ཙམ་ཡོད་ས་རེད། ང་ཚོས་ཐུན་མོོང་གི་རྩོད་པ་རྩོད་དགོས་རྒྱུ་ག་རེ་ཡོད་རེད་ཅེ་ན། ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་གཙོ་བོ་འདི་བོད་མཐོ་སྒང་རེད། འདི་བོད་ཡིན་པའི་ཆ་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། སའི་གོ་ལའི་ཚ་དྲོད་ཀྱི་གནད་འགག་དེ་ཕྱིར་འཛམ་བུ་གླིང་གི་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དེ་ང་ཚོའི་ལས་འགན་རེད། བོད་ནི་འཛམ་གླིང་གི་ཁང་པའི་ཐོག་ལྟ་བུ་ཡིན། ཉེ་ཆར་ཁོར་ཡུག་སྲུང་སྐྱོབ་ཆེད་ COP 28 United Arab Emirates ལ་ཚོགས་པ་རེད། ཡིན་ནའང་བོད་ཀྱི་ཁོར་ཡུག་ཐོག་བཤད་མཁན་སུ་གང་ཡོད་མ་རེད། འདི་བཤད་ཐུབ་པ་བྱེད་པར་ང་ཚོར་ནུས་པ་མེད་ཀྱང་ག་པར་ཕྱིན་པ་ཡིན་ནའང་འདིའི་ཐོག་གོ་རྟོགས་སྤེལ་རྒྱུ་དེ་ང་ཚོའི་ལས་འགན་རེད། རང་དབང་ཡོད་པའི་ལུང་པ་ཞིག་ཡིན་ན། སོ་སོའི་ Assembly ནང་བཤད་རྒྱུའི་གོ་སྐབས་ཡོད་རེད། དེར་བརྟེན་ལ་དྭགས་ཡུལ་མི་ཡིན་པའི་སློབ་ཕྲུག་རྣམས་ལ་དེ་རིང་ངས་ཁྱེད་རང་ཚོར་ལས་འགན་ཞིག་སྤྲོད་ཀྱི་ཡིན། བོད་ཀྱི་འཁྱགས་རོམ་སྟོང་ཕྲག་ ༤༦ ཙམ་ཡོད་པ་དེ། འབྱུང་འགྱུར་ལོ་ ༥༠ ནང་དེ་དག་ཞུར་བ་ཡིན་ན། ཧི་མྰ་ལའི་རི་རྒྱུད་ལ་ཆུ་མེད་པའི་དཀའ་ངལ་འཕྲད་ཀྱི་རེད། བོད་ཀྱི་ཆུ་ཡོད་པ་རྣམས་རྒྱ་ནག་གིས་གཙང་པོ་ཁ་བསྒྱུར་ནས་རྒྱ་ནག་ལ་ཁྲིད་འགྲོོ་ཡི་ཡོད་པ་དང་། ཆུ་མཛོད་བརྒྱབ་ནས་གློག་དང་དཔལ་འབྱོར་བཟོ་སྐྲུན་ཁོ་ན་དམིགས་ཀྱི་ཡོད།

ཁ་སང་ངས་ལྡི་ལིར་ཞུ་སྐུལ་གྱི་ལས་རིམ་སྐབས་བོད་ཀྱི་གཙང་པོའི་ཐུན་མོང་གི་གལ་གནད་ཆེ་རུ་གཏོང་ཆེད། རྒྱ་གར་བྱང་ཕྱོགས་དང་། བྱང་ཤར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་གལ་ཏེ་ཁྱེད་རྣམས་ལ་བོད་ཀྱི་ཆབ་སྲིད་ཐོག་འཛམ་གླིང་གི་སྡིངས་ཆའི་ཐོག་གླེང་རྒྱུ་དཀལ་ངལ་ཡོད་ན། དེ་ཕར་ཙམ་བཞག་ནས་བོད་ཀྱི་ཆུའི་ཐོག་ལ་ང་ཚོ་གོ་བསྡུར་བྱེད་དགོས་ཀྱི་འདུག་ཅེས། ང་ཚོས་དགོང་དྲོའི་གསོལ་ཚིགས་ཤིག་ཕར་འདེགས་འབུལ་ཞུས་ནས་ཚོགས་འདུ་ཚོགས་པ་ཡིན། ང་ཚོ་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་ང་ཚོས་ནུས་པ་དེ་རྙོབ་ཀྱི་མི་འདུག ཁྱེད་རྣམས་ཡུལ་མི་ཡིན་པའི་ཆ་ནས་ལས་འགན་དེ་བྱེད་དགོས་ཀྱི་འདུག ང་ཚོས་ཤེས་ཀྱི་ཡོད་པས་ང་ཚོས་ཁྱེད་རྣམས་ལ་བཤད་རྒྱུ་དེ་གལ་ཆེན་པོ་འདུག ཡིན་ནའང་ང་ཚོས་བཤད་པ་དེ་དག་ཁྱེད་རྣམ་པས་ལག་ལེན་དུ་མ་ཁྱེར་བ་ཡིན་ན་མཇུག་མ་ང་ཚོར་བཤད་མ་བྱུང་ཞེས་མ་གསུང་རོགས་ཞེས་དེ་འདྲ་ཡན་ཆད་ནས་ཞུས་ཡོད། ཐ་ན་ངས་འཛམ་གླིང་གི་མཐོ་སྒང་འདི་ནང་བོད་མི་གཅིག་ཀྱང་མ་བསྡད་པ་ཡིན་ནའང་བོད་ཀྱི་མཐོ་སྒང་དང་། ཆུ། འཁྱགས་རོམ་གྱི་གནད་འགག་དེ་དག་ད་དུང་ཡང་བསྡད་ཀྱི་རེད། སོང་ཙང་འདིའི་ཐོག་ལ་གླེང་སློང་བྱེད་དགོས་ཀྱི་ཡོད་ཅེས་ཞུས་ཡོད། དེར་བརྟེན་ལ་དྭགས་ནས་ཡིན་པ་ཚོ་མང་པོ་ཞིག་ཁྱེད་རྣམས་གོ་གནས་ཡོད་པའི་ནང་མི་ཡོད་ཀྱི་རེད། གོ་གནས་མེད་པ་ཡིན་ནའང་མི་གཅིག་གཅིག་གི་ནང་གོ་རྟོགས་སྤེལ་ནས་དེའི་གནད་འགག་དེ་འཛམ་གླིང་ཁྱོན་ཡོངས་ལ་སླེབ་ཐུབ་རྒྱུར་ང་རང་ཚོས་འབད་བརྩོན་བྱེད་དགོས་ཀྱི་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ནང་བོད་ཀྱི་གནད་དོན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོའི་སེམས་ནང་ཆོས་སེམས་ཤིག་དང་། སྙིང་སྟོབས་ཤིག་སླེབས་པ་ཡིན་ན། སྐར་མ་གཅིག་ལ་གསང་རྒྱུའི་གནད་དོན་ཞིག་རེད། ཡིན་ནའང་། ཁོར་ཡུག་འདི་ང་ཚོས་ད་ལྟ་ནས་ཤུགས་མ་བརྒྱབ་པ་ཡིན་ན་ཕྱི་དྲགས་ཀྱི་རེད། འདི་བོད་པ་གཅིག་པུར་གནད་འགག་མ་རེད། འདི་འཛམ་གླིང་ཁྱོན་ཡོངས་ཀྱི་ཁོར་ཡུག་ལ་དོ་ཕོག་དང་དཀའ་ངལ་ཆགས་ཀྱི་རེད། ལྷག་པར་དུ་ཡུ་རོབ་ནང་དུའང་བཤད་ཡོད། དེ་སྔ་ Covid ཡོང་བའི་སྐབས་དེར་རྒྱ་ནག་འུ་ཧན་གྱིས་འཛམ་བུ་གླིང་ Covid སྤྲོད་པའི་སྐབས་དེར། ཁྱེད་རང་ཚོས་ཡར་རྒྱས་མེད་པའི་རྒྱལ་ཁབ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་དག་མྱང་གི་རེད་བསམ་པ་ཞིག་ཕལ་ཆེར་སེམས་ནང་དེ་འདྲ་ཞིག་སླེབས་ཡོད་རེད། དེས་སྟོབས་ཆེན་རྒྱལ་ཁབ་ལའང་དཀའ་ངལ་སྤྲད་ཡོད་རེད། ད་ལྟ་བོད་ཧམ་བཟུང་བྱས་པ་དེ་རྒྱ་མིས་འཛམ་བུ་གླིང་ལ་ག་རེ་བཤད་ཀྱི་ཡོད་རེད་ཅེ་ན། འདི་སོག་པོའི་རྒྱལ་པོ་ཇེན་གྱིས་ཁན་ནས་ང་ཚོར་རག་པ་ཡིན་ཟེར་གྱི་ཡོད་རེད། སོག་པོའི་ཇེན་གིས་ཁན་གྱི་རྒྱལ་རབས་དང་དུས་རབས་འདི་ Mediterranean Sea ནས་ Indo-Pacific Ocean བར་དུ་ཡོད་རེད། ཁྱེད་རང་ཚོ་ཚང་མ་འདིའི་ནང་ཚུད་ཡོད་རེད། དེ་ཡིན་དུས་ད་ལྟ་ང་ཚོ་རེད། མ་འོངས་ཁྱེད་ཚོས་ང་ཚོར་རྒྱབ་སྐྱོར་བྱེད་རོགས་ཞེས་ལབ་དགོས་སྲིད་པ་རེད་ཅེས་དེ་འདྲའི་ཡན་ཆད་ནས་བཤད་ཡོད། དེ་ཡིན་དུས་སོ་སོའི་རྒྱལ་རབས་ལོ་རྒྱུས་ལ་སྦྱོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན། རང་བཙན་ལ་རྩོད་ཀྱི་ཡོད་རུང། དབུ་མ་ལམ་ལ་རྩོད་ཀྱི་ཡོད་རུང་། ང་ཚོས་ལམ་དབུ་མར་འགྲོ་བའི་སྐབས་རང་བཙན་ཡིན་པ་དེ་གཞི་ལ་བཞག་ནས་འགྲོ་ཡི་ཡོད་རེད། ང་རང་ཚོའི་ནང་ཁུལ་ལ་གང་ཡང་འགལ་ཟླ་ཡོད་མ་རེད། ནང་ཁུལ་ལ་ཁྱོན་ནས་འཁོན་འཛིན་གནང་རྒྱུ་ཡོད་མ་རེད། ཚིག་གཅིག་ཡིན་ནའང་སྡུག་ག་ལབ་མི་དགོས་པའི་གཙོ་དོན་གནང་དགོས་ཀྱི་རེད། ༧སྐྱབས་མགོན་རིན་པོ་ཆེའི་རྗེས་མཇུག་ཡིན་ཞེས་ལབ། ང་རང་ཚོའི་སྤྱི་ཚོགས་དྲ་ལམ་ནང་གཅིག་ལས་གཅིག་སྡུག་ག རྗེས་འཇུག་གང་འདྲ་ཡིན་ན་བསམ་པ་འདྲ་ཞིག ༧སྐྱབས་མགོན་རིན་པོ་ཆེ་དགུང་ལོ་དེ་ཙམ་ཕེབས་པའི་སྐབས་སུ། ཐུགས་ཕམ་བཟོ་རྒྱུ་དེ་འདི་ཆགས་ཀྱི་རེད་བསམ་པའི་སྡུག་བསྔལ་ཚང་མ་ལ་ཡོད་རེད།

སོང་ཙང་ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཀྱི་རེད། དེ་ཡང་བོད་མི་རིགས་གཅིག་གི་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དེ་མི་རེ་ངོ་རེ་ལ་འགན་ཡོད་རེད། ང་རང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་འདིར་སྐྱིད་པོ་རྒྱག་པ་ཡོད་ནའང་ལ་དག་གི་མ་རེད། བོད་ནང་ཡོད་པའི་བོད་མི་ཤེས་རྟོགས་བྱུང་བ་ ༡༥༧ གྱིས་རང་ལུས་མེ་མཆོད་དུ་ཕུལ་གནང་ཡོད་པ་རེད། དེའི་རྒྱུ་མཚན་ནི་ང་ལ་དག་པའི་གཟུགས་འདི་དེ་ག་རང་ཡིན། འདི་ངས་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ཁྱོན་ལ་རྒྱུན་ནས་མཐོང་རྒྱུ་མེད་ཙང་། བོད་ནང་གནས་སྟངས་གང་ཡང་ཡག་པོ་མེད་ཅེས་སྟོན་རྒྱུ་ཆེད་རང་སྲོག་བློས་བཏང་གནང་ཡོད་རེད། བོད་ནང་ཡོད་པའི་བོད་མི་ཚོ་ཉིན་འཁྱོལ་གྱི་ཡོད་ཀྱང་མཚན་འཁྱོལ་གྱི་ཡོད་མ་རེད། ང་ཚོ་འདིར་ཁྱོད་ཀྱི་ཁ་དང་ངའི་སྣ་ཞེས་བསྡད་ན་འགྲིག་གི་འདུག་གམ། དེ་འགྲིག་གི་མ་རེད། ང་ཚོ་ལས་འབྲས་སྤང་བཞག་གི་ལས་ཀ་བྱེད་མཁན་ཡིན་ཙང་ལས་རྒྱུ་འབྲལ་ལ་འགྲོ་ཡི་མ་རེད། འདི་ཡིན་དུས་ངས་ལག་པ་ཐལ་མོ་སྦྱར་ནས་ཚོགས་ཁང་འདིའི་ནང་ཡོད་པ་དང་། ཚོགས་ཁང་ནང་ཡོད་པ་ཚོ་བརྒྱུད་ནས་ལྷག་པར་དུ་ན་གཞོན་ཚོར་སྤྱི་ཚོགས་དྲ་རྒྱ་ཛ་རེ་ཛོ་རེ་ནང་འཛུལ་ནས། ང་ལ་མཚམས་རེ་ད་ང་ཚོའི་ TCV ནང་བོད་ལྗོངས་ང་ཚོའི་ཕ་ཡུལ། བོད་གཅིག་ཅེས་སླབས་སླབས་ནས་ TCV ནས་ཐོན་པའི་སོན་རྩ་ཁག་ཅིག་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་བཤད་ཡོད་མཁན་ལ་བསྒྱུར་རྒྱུའི་སྐར་མ་གཅིག་ཀྱང་འགོར་གྱི་མི་འདུག་ཅེས་བཤད་མཁན་མང་པོ་བྱུང་སོང་། འདི་འདྲ་བྱས་ན་ང་ཚོས་འདིར་གསོ་སྐྱོང་བྱས་པ་དེ་སྙིང་ལ་ཟུག་མེད་པའི་རྟགས་རེད། ཨ་ལས་དང་པོ་མཛུབ་མོ་གཡུག་བཞག དང་པོ་སྦར་མཐིལ་དེ་ག་རང་ང་ཚོས་རྩོད་དགོས་ཀྱི་ཡོད་རེད། སྦར་མཐིལ་མེད་ན་མཛུབ་མོ་ཡོད་མ་རེད། བོད་རང་དབང་ཐོབ་པའི་ཉིན་མོའི་དུས་སུ་ག་པར་འགྲོ་ཡི་ཡིན་ཞེ་ནའང་ང་ཚོས་ལྟ་ཆོག་གི་རེད། སངས་རྒྱས་བྱོན་གྱི་རེད་ཅེས་བོད་ཀྱི་ཁྱད་ཆོས་དང་རིག་གཞུང་སྟོན་རྒྱུ་མེད་པ་ཆགས་སོང་ན། མ་འོངས་པའི་མི་ཐོག་ལ་ང་ཚོས་འགན་མ་ཁུར་བའི་ནག་ཐིག་ཅིག་ཆགས་ཀྱི་རེད།

གཉིས་པ་དེར་ན་གཞོན་ཚོར་རྒན་འཁོགས་ཚོས་བོད་ཀྱི་འཐབ་རྩོད་ཀྱི་ལོ་རྒྱུས་སྐོར་གསུང་དགོས་རྒྱུ་གལ་ཆེན་པོ་རེད། གཟུངས་གཞུག་འདི་ཡིན་གཅིག་འཇོག་དགོས་ཀྱི་ཡོད་རེད། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐོར་སློབ་ཀྱི་ཡོད་རེད། རྒྱལ་པོ་ཁྲི་རལ་པ་ཅན་སློབ་ཀྱི་ཡོད་རེད། དེང་སང་ཕྲན་བུ་འགྱུར་བ་ཕྱིན་ནས་མང་གཙོའི་འགྲོ་སྟངས་དེ་ཚོ་སློབ་ཚན་ནང་ཡོད་རེད་མ་གཏོགས། ང་ཚོའི་ཕ་མ་ཚོས་ཕྱི་ལོ་ ༡༩༥༩ ལོར་དཀའ་ལས་རྒྱབ་སྟེ་འདིར་འཐབ་རྩོད་ཇི་ལྟར་བྱས་པ་རྣསས་ན་གཞོན་ཚོས་སོ་སོའི་སྤོ་ལགས་དང་རྨོ་ལགས་རྣམས་ནས་ཉན་ན་གཟུངས་གཞུག་འདིས། རྗེས་མ་མི་རིགས་ལ་ཞེན་ཁོག་དང་འཐབ་རྩོད་བྱེད་ཐུབ་རྒྱུའི་སྙིང་སྟོབས་ཅན་གྱི་ན་གཞོན་ཆགས་རྒྱུའི་ས་བོན་འདི་དེ་ནས་ཆགས་ཀྱི་རེད། སོང་ཙང་རྩ་བའི་གུང་སེང་ལ་ཕེབས་ཀྱི་ཡོད་རེད། དགེ་རྒན་བཀའ་བཀྱོན་གཏོང་མཁན་དང་སྒྲིག་འཛུགས་ཡོད་མ་རེད་དེ། ཡིན་ནའང་སོ་སོ་ Self-Discipline འདི་ངེས་པར་དུ་དགོས་རེད། དེ་མེད་ན་དགེ་རྒན་ཚོས་འདིར་ཟླ་བ་བཅུ་གཉིས་རིང་དཀའ་ལས་རྒྱབ་པ་འདི་ཟླ་བ་གཉིས་ལ་འཕྲོ་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད་རེད། འདི་ཡིན་དུས་དེ་དག་ཕ་མ་ཚོས་སེམས་ནང་འཇོག་རོགས་གནང་། སློབ་གྲྭའི་ནང་ག་རེ་ཐོག་ལ་རྗེས་ལུས་ཐེབ་ཀྱི་ཡོད་ནའང་གུང་སེང་ཟླ་བ་གཉིས་རིང་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཤིག་ཡོད་རེད། རྩེད་མོ་རྩེད་རྒྱུའི་གོ་སྐབས་ཡོད་རེད་ལ་ཕྲན་བུའི་རྣམ་གཡེང་བྱ་རྒྱུའི་གོ་སྐབས་ཀྱང་ཡོད་རེད།

མཐའ་མ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་གཞིས་བྱེས་བོད་མི་མཉམ་འཛོམས་མྱུར་དུ་ཡོང་བ། དེ་བཞིན་མ་འོངས་བོད་ཀྱི་ན་གཞོན་སོན་རྩ་རྣམས་གཅིག་ལས་གཅིག་སྤུས་ཀ་དག་པོ་ཐོན་པའི་ངས་སྨོན་ལམ་རྒྱག་གི་ཡིན་ཞེས་གསུངས་གནང་སོང་།