དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་གནང་བའི་མི་རབས་གསར་པའི་འགོ་འཁྲིད་ཟབ་སྦྱོང་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རྡ་སྟེང་བོད་ཁྱིམ་ཞི་བདེ་གླེང་མོལ་ཁང་ནང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་ ༦ ཚེས་ ༢༠ ནས་ ༢༣ བར་རྒྱ་གར་ནང་མཐོ་སློབ་འགྲོ་བཞིན་པའི་སློབ་ཕྲུག་གྲངས་ ༤༥ ལ་མི་རབས་གསར་པའི་འགོ་འཁྲིད་ཟབ་སྦྱོང་ཐེངས་གསུམ་པའི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་གནང་སོང།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་མཆོག་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་ཕེབས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། གོང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོས་གསུངས་པ་ནང་བཞིན་རེད། གཙོ་བོ་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་རེད། དེ་ཡིན་དུས་ང་ཚོར་འགན་འཁུར་དང་ལས་ཀ་བྱེད་རྒྱུའི་གོ་སྐབས་མང་པོ་ཡོད་རེད། ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ ༦༠ ཟིན་ལ་ཉེ་བ་ཆགས་ཀྱི་ཡོད། དུས་ཚོད་དེའི་རིང་གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་རྒྱབ་སྐྱོར། ང་ཚོའི་མི་རབས་རྒན་པ་ཚོས་སྐུ་ལས་བརྒྱབ་པའི་རྒྱུ་མཚན་བཅས་ལ་བརྟེན་ནས་ད་ལྟ་ང་ཚོའི་སྤྱི་ཚོགས་འདི་ཚགས་ཚུད་པོ་ཆགས་ཡོད། དེང་སང་བོད་ཟེར་དུས་འཛམ་བུ་གླིང་འདིའི་ནང་ཚང་མས་ངོས་འཛིན་བྱེད་ཐུབ་པ་ཞིག་ཆགས་ཡོད།

སྐབས་རེ་བཙན་བྱོལ་ནང་སྲིད་སྐྱོང་དང་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་དང་། དེ་བཞིན་ས་འཐུས་དང་། ས་གནས་འགོ་འཛིན་བཅས་སྡེ་ཚན་འདྲ་མིན་མང་པོ་ཞིག་ཀྱང་ཡོད། ཡིན་ནའང་དེ་ཚོ་ཚང་མ་གཞན་དབང་སྟབས་བསྟུན་ཡིན་དུས་ང་རང་ཚོ་རང་བཙན་ཡོད་པའི་རྒྱལ་ཁབ་ནང་བཞིན་གྱི་དམིགས་ཡུལ་འཛིན་ན་ཏན་ཏན་ནོར་བ་ཞིག་མཐོང་གི་འདུག སོ་སོའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་ཐོག་ནས་དེའི་ནང་ཆ་ཤས་ལེན་ཐུབ་དགོས་པ་གལ་ཆེན་པོ་རེད། དེ་འདྲ་སོང་ཙང་འགོ་འཁྲིད་ཅིག་གི་གནད་འགག་ཧ་མ་གོ་ན་ཉེན་ཁ་ཡོད། དཔེར་ན། ཐོག་ཞིག་ལ་གདུང་མ་དང་ཀ་བ་མེད་ན་ཐོག་དེའི་སྟེང་ཕར་ཚུར་འགྲོ་མཁན་ཚོ་ཟག་རྒྱུའི་ཉེན་ཁ་ཡོད། ཐོག་དེ་ལ་བརྟན་ཚུགས་ག་ཚོད་ཡོད་མེད་རྟོགས་ཐུབ་དགོས་པ་གལ་ཆེན་པོ་རེད།

ང་རང་ཚོའི་སྒྲིག་འཛུགས་རྒྱ་གར་ནང་གནས་བསྡད་ཡོད། བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་དམིགས་བསལ་བ་ཞིག་རེད། ང་ཚོ་ཕྱི་རྒྱལ་ཁག་ལ་སྡོད་མཁན་གྱི་བོད་རིགས་དང་བོད་རིགས་སྤྱི་མཐུན་ཚོགས་པ་དེ་ཚོའི་གནས་སྟངས་གཞན་ཞིག་ཆགས་ཡོད། དེ་ཚོ་ས་གནས་དེའི་ཐོག་ནས་ཡུལ་མིའི་ལག་འཁྱེར་ཡོད་མཁན་གྱི་ཆ་ནས་ཕྱག་ལས་གནང་ཆོག་པ་དང་། ཕྱོགས་གཞན་ཞིག་ནས་སོ་སོ་བོད་པ་ཡིན་པའི་ཆ་ནས་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་ཐོག་ལ་ཕྱག་ལས་གནང་རྒྱུས་མཚོན་གོ་སྐབས་མང་པོ་ཞིག་ཡོད། ང་ཚོ་རྒྱ་གར་གྱི་སྐྱབས་བཅོལ་བའི་གནས་སྟངས་དེ་མ་འདྲ་བ་ཞིག་ཆགས་ཀྱི་ཡོད། རྒྱ་གར་གཞུང་ཐོག་ནས་དམིགས་བསལ་གྱི་གཟིགས་པ་གནང་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད། འོན་ཀྱང་ང་ཚོའི་དམིགས་ཚད་ཟིན་ས་དེ་བོད་ནང་གི་བོད་མིའི་གནས་སྟངས་ཆགས་བསྡད་ཡོད།

བོད་ནང་གི་བོད་མིའི་གནས་སྟངས་ཐོག་རོབ་ཙམ་ཞིག་ཞུས་པ་ཡིན་ན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། དེ་བཞིན་ཆོས་དད་རང་དབང་དང་། ཁོར་ཡུག སྐད་ཡིག་བཀོལ་སྤྱོད་རང་དབང་གི་གནས་སྟངས་སོགས་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་ཡོད། དཀའ་ངལ་འཕྲད་པ་དེ་དག་ཞིབ་ཞིང་ཕྲ་བའི་ཐོག་ནས་རྟོགས་ཐུབ་རྒྱུ་དཀའ་ཡང་རོབ་ཙམ་ཞིག་ཧ་གོ་ཡི་ཡོད་རེད། དེའི་ཐོག་ནས་བོད་ནང་གི་བོད་མིའི་དཀའ་ངལ་དེ་དག་མེད་པར་བཟོ་ཐུབ་རྒྱུར་ང་ཚོས་ག་རེ་གནང་ཐུབ་ཀྱི་འདུག བྱས་ཙང་འགོ་འཁྲིད་ཟེར་བ་དེ་འགོ་ལ་སྡོད་མཁན་ཙམ་ཞིག་དགོས་ཀྱི་མེད། སོ་སོ་རང་ཉིད་ཀྱིས་བསམ་བློ་བཏང་ནས་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་ཞིག་གནང་ཐུབ་པ་ཡིན་ན། མི་དེ་རང་བཞིན་གྱི་འགོ་འཁྲིད་ཆགས་བསྡད་ཀྱི་ཡོད། གང་ལྟར་བོད་ནང་གི་བོད་མིའི་གནས་སྟངས་ཐོག་སེམས་འཁུར་བྱས་ནས་དེའི་ཐོག་ཆ་ཤས་ལེན་རྒྱུ་གང་ཡོད་པ། རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་འབོད་སྐུལ་ཞུ་སའི་སྡིངས་ཆ་ཇི་ལྟར་བསྐྲུན་དགོས་པ། དེ་འདྲ་སོ་སོས་འཚོལ་ཐུབ་ན་དེ་ཡང་གོ་སྐབས་ཤིག་རེད།

ང་ཚོའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེའང་རང་དབང་རྒྱལ་ཁབ་ལྟར་ཡོང་གི་མེད་ཀྱང་གནས་ཚད་གང་ལ་གང་ཙམ་མཐོ་པོར་སླེབས་ཡོད། གྲོས་ཚོགས་དང་གྲོས་ཚོགས་འབྲེལ་བ་དང་། འཛིན་སྐྱོང་གི་ཐོག་ནས་རྒྱལ་ཁབ་གཞན་དང་ཕྱི་སྲིད་ལས་ཁུངས་སོགས་དང་མཉམ་དུ་འབྲེལ་བ་བྱེད་ཀྱི་ཡོད། མ་འོངས་པ་རྣམ་པ་ཚོ་སྤྱི་འཐུས་བཀའ་བློན་ལས་བྱེད་སོགས་ལ་སླེབས་པ་ཡིན་ན། སྤྱི་ཚོགས་ཞབས་ཞུ་དང་། བོད་ནང་གི་བོད་མིའི་གནས་སྟངས་དང་སྒྲིག་འཛུགས་ཀྱི་ཕྱག་ལས་ལ་ནུས་པ་ཆེ་རུ་གནང་ཐུབ་པའི་རེ་བ་ཡོད། བོད་ནང་གི་བོད་མིའི་གནས་སྟངས་ཐོག་ལ་རྒྱུན་ལྡན་ནས་དོ་སྣང་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག གཞིས་ཆགས་ཁག་གི་ཤེས་ཡོན་དང་། འཕྲོད་བསྟེན་གནས་སྟངས་སོགས་གལ་ཆེན་པོ་རེད་ཀྱང། དེ་རང་ལ་མགོ་འཁོར་ནས་བསྡད་ན་དེ་ཙམ་གྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ནུས་པ་ཐོན་ཐུབ་ཀྱི་མ་རེད།

ང་ཚོ་ཆེ་ས་ནས་ཆབ་སྲིད་དང་། བོད་ཀྱི་རིག་གཞུང་སྐད་ཡིག་སོགས་གནས་དང་མ་གནས་པའི་དཀའ་ངལ་འོག་ཡོད་པ་དེ་ལ་དམིགས་ནས་ཕྱག་ལས་གནང་ན། སྒེར་གྱི་ལྟོ་གོས་གཏམ་གསུམ་ལའང་དཀའ་ངལ་འཕྲད་ཀྱི་མ་རེད་བསམ་གྱི་འདུག དེ་ནས་སྤྱི་ཡོངས་ཀྱི་ང་ཚོའི་ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ལ་དོ་སྣང་གནང་རྒྱུ་ཡང་གལ་ཆེན་པོ་མཐོང་གི་འདུག དཔེར་ན་ཐོག་མར་རྒྱལ་པོའི་རིང་ལུགས་དང་། དུས་རབས་ ༢༠ ནང་མ་རྩ་རིང་ལུགས་ཤུགས་ཆེ་རུ་ཕྱིན་པ་དང་། དེའི་ནང་ཕན་ཚུན་ཐུབ་ཚོད་བཏང་བ་སོགས་མི་མང་བ་ཞིག་དཀའ་ངལ་མྱངས་རྐྱེན། སྤྱི་ཚོགས་རིང་ལུགས་དང་། མང་གཙོ་རིང་ལུགས་སོགས་ནུབ་ཕྱོགས་ནས་དར་བ་ཞིག་རེད་འདུག མའོ་ཀྲུ་ཞི་ལྟ་བུར་མཚོན་ན། ཁོང་རྒྱ་ནག་ཧུའུ་ནན་ཞིང་ཆེན་གྱི་གྲོང་གསེབ་ཞིང་པ་གཅིག་གི་ཕྲུ་གུ་ཡིན་པ་དང། ཁོ་རང་གི་ཉིན་རེའི་སློབ་འཁྲིད་བརྒྱུད་ནས་དོ་སྣང་གནང་། རིམ་བཞིན་ཁོང་གིས་གསར་བརྗེའི་ལས་འགུལ་དེ་སྤེལ་བ་རེད། རྣམ་པ་ཚོའི་ངོས་ནས་བོད་མིའི་ཛ་དྲག་གི་གནས་སྟངས་དེ་ལ་དོ་སྣང་གནང་དགོས་པ་ཆགས་ཀྱི་ཡོད་རེད། དེ་དག་རེ་རེ་འབུར་དུ་སྟོན་ནས་རྩོམ་བྲིས་པ་དང་དུས་དེབ་སོགས་སྟོན་ཐུབ་ན་ཡག་པོ་ཡོད་པ་དང་། ཏན་ཏན་བོད་མིའི་འཐབ་རྩོད་ལ་ཕན་ཐོགས་ཀྱི་རེད། ཆབ་སྲིད་ལྟ་གྲུབ་ཡིན་ན་འདྲ། སྤྱི་ཚོགས་ཀྱི་གནས་སྟངས་ཚང་མར་རང་ཉིད་ཀྱིས་ཉམས་ཞིབ་བྱས་ཏེ་དེའི་ཐོག་ནས་བོད་མིིའི་སྒྲིག་འཛུགས་དང་མི་རིགས་ལ་ཕན་པ་ཡིན་ན། ཐེ་ཚོམ་མེད་པར་རྒྱབ་སྐྱོར་བྱེད་ཐུབ་ཀྱི་རེད།

ཆབ་སྲིད་ལམ་ལུགས་སྐྱོང་སྟངས་ཡག་ཤོས་དེ་མང་གཙོ་ཡིན་པ་ཚང་མས་ངོས་ལེན་གནང་གི་ཡོད། ནུབ་ཕྱོགས་ཀྱི་བཤད་སྟངས་བྱས་ན་མང་གཙོའི་ལམ་ལུགས་ཐོག་མར་གྷི་རི་སི་ནས་དར་བ་དང་། མང་གཙོ་ཚད་མཐོ་ཤོས་དེ་རྒྱ་གར་དང་། ཨ་རི། ཨིན་ཇི། ཕ་རན་སི་སོགས་རེད། ད་ལྟའི་སྤྱི་ཚོགས་ནང་དམར་ཤོག་དང་། མང་གཙོ། དེ་བཞིན་རྒྱལ་པོའི་རིང་ལུགས་སོགས་ཡོད། ཡོངས་གྲགས་ལ། མང་གཙོའི་ནང་གྲོས་ཚོགས་ལམ་ལུགས་དང་སྲིད་འཛིན་ལམ་ལུགས་ཞེས་གཉིས་ཡོད། གྲོས་ཚོགས་ལམ་ལུགས་དེ་རྒྱ་གར་ལྟ་བུ་དང་སྲིད་འཛིན་ལམ་ལུགས་དེ་ཨ་རི་ལྟ་བུ་རེད།

ང་ཚོའི་སྤྱི་ཚོགས་དེ་མང་གཙོའི་ཐོག་བསྐྱོད་བཞིན་ཡོད། བསམ་ཚུལ་མ་འདྲ་བ་ཡོང་གི་ཡོད། དེ་ཚོ་བགྲོ་གླེང་བྱེད་དགོས་པ་ཞིག་རེད། ང་ཚོའི་མང་གཙོ་དེ་དམིགས་བསལ་ཞིག་དང་། མང་གཙོ་ཟེར་དུས་གཙོ་བོ་དེ་མང་ཚོགས་ཀྱིས་འོས་བླུགས་ནས་འགོ་འཁྲིད་འདེམས་ཐུབ་པ་དང་། མི་མང་ཆེད་དུ་ཕྱག་ལས་གནང་ཐུབ་མཁན་འགོ་འཁྲིད་ཅིག་ཡོང་གི་འདུག་གམ་མི་འདུག དེ་ཚོར་ཐུགས་སྣང་གནང་ཐུབ་ན་མ་འོངས་པ་སྤྱི་ཚོགས་དེ་ཡར་རྒྱས་འགྲོ་ཡི་རེད་མ་གཏོགས་དོ་སྣང་རྩ་ནས་མ་བྱས་ན་ཡར་རྒྱས་དང་། འགྱུར་བ་རྩ་བ་ནས་འགྲོ་ཡི་མ་རེད། དེ་འདྲའི་དོ་སྣང་གནང་བའི་ཐོག་ནས་མི་རིགས་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་སོགས་གཅེས་ཉར་བྱེད་རྒྱུ་དེ་གལ་ཆེན་པོ་རེད། རིག་གཞུང་དང་སྐད་ཡིག་འབུར་དུ་ཐོན་པ་ཞིག་མེད་ན་འཐབ་རྩོད་བྱེད་རྒྱུ་ཕལ་ཆེར་ཁག་པོ་ཆགས་ཡོད། དཔེར་ན་རྒྱ་ནག་ནང་གྲངས་ཉུང་མི་རིགས་ ༥༡ ཡོད་རེད། མན་ཇུ་མི་རིགས་དེ་མི་རིགས་ཆེན་པོའི་ནང་འཐིམ་ནས་མན་ཇུ་རང་གི་སྐད་ཡིག་དང་རིག་གཞུང་ཆ་ཚང་བརླགས་ཚར་བ་རེད། དེ་བཞིན་ནང་སོག་ལའང་དེ་ལྟར་དཀའ་ངལ་འཕྲད་བཞིན་ཡོད། གལ་ཏེ་བོད་ནང་དེ་ལྟ་བུའི་གནས་སྟངས་ཆགས་པ་ཡིན་ན་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་དང་། མི་རིགས་ཀྱི་ཁྱད་ཆོས་རྣམས་ཇི་ཙམ་གནས་ཐུབ་མིན་བརྗོད་མི་ཤེས་པ་ཆགས་སྲིད།

རྒྱ་ནག་ནང་ལ་ད་ལྟ་འགྱུར་བ་འགྲོ་དང་འགྲོ་བཞིན་པ་རེད། མི་རབས་ལྔའི་འགོ་འཁྲིད་འགྱུར་བ་ཕྱིན་ཡོད་རེད། ང་ཚོའི་སྒྲིག་འཛུགས་ལའང་འགོ་འཁྲིད་མཁན་འགྱུར་བ་འགྲོ་དུས་རྣམ་པ་ཚོ་ལ་གོ་སྐབས་དེ་སླེབས་ཀྱི་རེད། གོ་སྐབས་དེ་ཚོ་ཟིན་ནས་ཕྱག་ལས་གནང་རྒྱུ་ཧ་ཅང་གི་གལ་གནད་རེད། སྤྱི་ཚོགས་ཀྱི་ཉམས་མྱོང་དང་གནས་སྟངས་མང་པོ་ཞིག་ཧ་གོ་བ་ཡིན་ན་སོ་སོ་འགོ་འཁྲིད་ཅིག་ཆགས་དུས་དེའི་ཐོག་ཕྱག་ལས་གནང་སྐབས་དོན་དམ་པའི་ཕྱག་ལས་གནང་ཐུབ་ཀྱི་རེད།

ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སོན་མན་ཌེ་ལ་ (Nelson Mandela) དང་། ཨ་རིའི་མི་རིགས་ནག་པོའི་འཐབ་རྩོད་པ་མར་ཊིན་ལུ་ཐར་ཀིང་ (Martin Luther King) ལ་སོགས་པས་སོ་སོའི་མི་རིགས་ཀྱི་འཐབ་རྩོད་གནང་བ་རེད། ཁོང་རྣམས་ཀྱིས་སྤྱི་ཚོགས་ཀྱི་གནས་སྟངས་དང་དེ་ལ་སེམས་འཁུར་བླངས་ནས་འབད་རྩོན་བྱེད་སྐབས་གྲུབ་འབྲས་ལྡན་པ་བྱུང་ཡོད། བྱས་ཙང་འགོ་འཁྲིད་ལ་དེ་འདྲའི་བསམ་བློ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། འགོ་འཁྲིད་གཅིག་ལ་ལྷག་བསམ་དང་། སྙིང་སྟོབས་ཡོད་དགོས་པ་མ་ཟད། ཤེས་ཡོན་དགོས་ཀྱི་ཡོད། དེ་གསུམ་དང་ལྡན་པ་ཡིན་ན་འགོ་འཁྲིད་དེར་ནུས་པ་ཆ་ཚང་ལྡན་ཡོད་རེད། ངས་བཤད་དོན་གཙོ་བོ་དེ་སོ་སོའི་མི་རིགས་ཀྱི་ཆོས་དང། རིག་གཞུང་། སྐད་ཡིག་སོགས་ལ་དོ་སྣང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་ཡོད། མང་བ་དེ་བོད་ནང་ལ་ཡོད་དུས། བོད་ནང་གི་བོད་མི་ཚོས་སོ་སོའི་སྐད་ཡིག་དང་ཆོས། དེ་བཞིན་རང་གི་བླ་མ་སོགས་ལ་ཧ་ཅང་གལ་ཆེན་པོ་རྩི་ཡི་འདུག བྱས་ཙང་བོད་མིིའི་འགོ་འཁྲིད་གཅིག་ཡིན་ན། ཁོང་ཚོའི་གནས་སྟངས་ལ་བསམ་བློ་བཏང་ནས་འགོ་འཁྲིད་དགོས་ཀྱི་རེད་མ་གཏོགས། དེ་བཞག་ནས་སོ་སོའི་བསམ་བློ་ཁོ་ན་འཁྱེར་ན་འགོ་འཁྲིད་ཐུབ་ཀྱི་མ་རེད། མི་རིགས་དང་སོ་སོའི་རྒྱལ་ཁབ་ལ་ཕན་ཐོགས་གང་ཡོད་མེད་ཐོག་དོ་སྣང་གནང་བའི་སྒོ་ནས་ཆ་ཤས་ལེན་ཐུབ་ན། འགོ་འཁྲིད་ཡག་པོ་ཞིག་དང། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་གི་རེད་བསམ་གྱི་འདུག་སོགས་གསུངས་གནང་ཡོད་པ་བཅས། །

 

 

Menu