དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་རིམ་བསྐྱངས་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དགུན་དུས་གྲོས་ཚོགས་ལྡི་ལིར་འཚོགས་བཞིན་པའི་སྐབས་དང་བསྟུན། རྒྱ་གར་གྲོས་ཚོགས་འཐུས་མི་དང་། ལྡི་ལིར་བཅའ་བཞུགས་ཕྱི་རྒྱལ་གཞུང་ཚབ་ཁག་གི་གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་སོགས་ཀྱི་ལས་རིམ་བསྐྱངས་གནང་ཡོད།

ཉིན་དང་པོའི་ཚོགས་འདུ་དེ་བཞིན་ལྡི་ལི་གསར་པའི་ Konrad Adenauer Foundation ཚོགས་པའི་ལས་ཁུངས་སུ་ཚོགས་ཡོད་པ་དང་། ལས་ཁུངས་དེའི་དབུ་འཛིན་སྐུ་ཞབས་ Dr. Adrain Haack མཆོག་དང་། ལས་འཆར་འགན་འཛིན་སྐུ་ཞབས་ Ashish ལགས་ལྷན་མཇལ་འཕྲད་གནང་ཡོད། ཚོགས་འདུའི་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་རྣམ་པས་ཐེངས་འདིའི་བོད་དོན་ཞུ་སྐུལ་དུ་བཅར་བའི་དགོས་དམིགས་དང་། མ་འོངས་པར་ཕན་ཚུན་མཉམ་ལས་ཞུ་ཕྱོགས། ལྷག་དོན་བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་དང་། བོད་མི་ཚོས་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་སྐོར་ངོ་སྤྲོད་གནང་ཡོད་འདུག

རྒྱལ་ཡོངས་ཉེན་རྟོག་པའི་འགྲེམས་སྟོན་ཁང་གི་འགན་འཛིན་མཆོག་ནས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་སྣེ་ཁྲིད་ཀྱིས་རྡོ་རིང་གི་དབུས་སུ་ཡོད་པའི་སྐུ་བརྙན་སོགས་ཀྱི་གནད་དོན་རྣམས་ངོ་སྤྲོད་གནང་འདུག

དེ་རྗེས་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Iqbal Singh Lalpura མཆོག་དང་། ཚོགས་གཞོན་སྐུ་ཞབས་ Kersi Kaikhushroo Deboo དེ་བཞིན་འཐུས་མིི་སྐུ་ཞབས་ Dhanya kumar Jinappa Dunde མཆོག་དང་། རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་དང་ལྷན་དུ་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་རེད།

ཉིན་དེ་རང་དུ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Dr. Lankappa Hanumanthaiah  མཆོག་དང་། དེ་བཞིན་ལྡི་ལི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ajay Dutt མཆོག་དང་མཇལ་འཕྲད་གནང་ནས་སྐབས་དེར་བོད་མི་མང་སྐུ་ཚབ་ཚོགས་ཆུང་རྣམ་པས་རྒྱལ་ཁབ་ཀྱི་དམག་འཁྲུག་དྲན་གསོའི་རྡོ་རིང་ལ་ཕེབས་ཏེ་དཔའ་བོ་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ཆེད་དུ་རང་སྲོག་བློང་བཏང་གནང་བར་གུས་འདུད་ཞུས།

གོང་གི་གནད་ཡོད་མཛད་གཙོ་རྣམ་པ་དང་ལྷན་དུ་ཚོགས་འདུ་འཚོགས་སྐབས་བོད་མི་མང་སྐུ་ཚབ་ཚོགས་ཆུང་ནས་ལོ་རྒྱུས་ཀྱི་བདེན་དཔང་གཞི་རྩར་བཟུང་སྟེ། ལོ་རྒྱུས་ཐོག་བོད་འདི་བཞིན་རང་བཙན་གཙང་མའི་བདག་དབང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གི་བཙན་འཛུལ་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་མ་ཟད་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་གྲངས་ཉུང་མི་རིགས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། བོད་ཀྱི་གནད་དོན་འདི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་པ། དེ་བཞིན་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ལུགས་བརྗོད་པའི་རྒྱ་གཞུང་གི་རྫུན་གཏམ་ལ་རྒྱབ་སྐྱོར་མི་བྱ་རྒྱུའི་ནན་སྐུལ་ཡང་ཞུས་འདུག རྒྱ་གཞུང་གི་རྫུན་གཏམ་དེར་རྒྱབ་སྐྱོར་བྱེད་པ་དེ་ནི་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱེད་རྒྱུར་ཕན་ཐོགས་ཡོད་པ་དང་། བོད་མི་རྣམས་དབང་འོག་ཏུ་འཇུག་པ། དེ་བཞིན་རྒྱ་བོད་དཀའ་རྙོག་འདི་གྲོས་མོལ་ཐོག་སེལ་རྒྱུའི་གོ་སྐབས་མེད་པ་བཅས་ཀྱི་རྒྱུ་རྐྱེན་ཡིན་ལུགས་བརྗོད་འདུག

ད་དུང་བོད་མིའི་སྐུ་ཚབ་རྣམ་པས་གནད་ཡོད་མི་སྣ་ཚོར་རྒྱ་ནག་གཞུང་གིས་བོད་ནང་རང་བྱུང་གཏེར་ཁ་བསྔོག་འདོན་བྱེད་བཞིན་པའི་སྲིད་བྱུས་ངན་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚན་པ་ (UNFCC) ངོས་ནས་ཚན་རིག་གི་ཞིབ་འཇུག་བྱ་རྒྱུའི་འབོད་སྐུལ་གནང་དགོས་པའི་རེ་སྐུལ་ཡང་ཞུས་འདུག་པ་མ་ཟད། རྒྱ་ནག་གི་སྲིད་བྱུས་ངན་པ་དེས་རྐྱེན་པས་གོ་ལའི་ཚ་དྲོད་ལ་འགྱུར་ལྡོག་ཆེན་པོ་འགྲོ་ཡི་ཡོད་པ་ཡང་ཞུས་ཡོད་འདུག

དེ་བཞིན་བོད་ནང་སྨྲ་བརྗོད་རང་དབང་དང་། བསམ་ཚུལ་བརྗོད་རྒྱུ། ཞི་བའི་འདུ་འཛོམས་བྱ་རྒྱུ། འགྲོ་བ་མིའི་ཐོབ་ཐང་བཅས་ཡོད་མེད་ཞིབ་འཇུག་བྱེད་པར། རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོར་བོད་ནང་འཛུལ་ཞུགས་ཆོག་པའི་བཀའ་འཁྲོལ་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་འབྲེལ་ཡོད་སྐུ་ཚབ་རྣམས་གདན་འདྲེན་ཞུས་ཏེ། བོད་ནང་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་ཁག་ལ་འབྲེལ་གཏུགས་ཆོག་པའི་འབོད་སྐུལ་ཞུས་གནང་སོང་།

དེ་བཞིན་བོད་མི་མང་སྐུ་ཚབ་ཚོགས་ཆུང་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་ (དགེ་འདུན་ཆོས་ཀྱི་ཉི་མ་ ) མཆོག་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་བདེ་འཇགས་དང་བཞུགས་གནས་སོགས་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད་སྐོར་ཡང་ཞུས་གནང་སོང་།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་རྒྱའི་དཀའ་རྙོག་སེལ་མེད་པའི་གནས་སྟངས་དེ་རྒྱལ་སྤྱིའི་སྟེང་འཇོག་དགོས་པའི་ནན་སྐུལ་ཞུས་པ་དང་། བོད་ནང་ཆོས་དད་རང་དབང་མེད་པ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་བཅས་ཀྱང་བརྗོད་གནང་འདུག རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་གཅོད་པའི་ཁྲིམས་ཡིག་ཅིག་གཏན་འབེབས་གནང་དགོས་པའི་འབོད་སྐུལ་གནང་ཡོད།

བོད་མིའི་སྐུ་ཚབ་ཚོགས་ཆུང་ངོས་ནས་རྒྱ་གར་གཞུང་མང་གིས་བོད་མིའི་སྒྲིག་འཛུགས་དང་ཕྱི་འབྲེལ་ལས་དོན་བྱེད་ཕྱོགས་རྣམས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བཞིན་ཡོད་པ་དེར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། མུ་མཐུད་དེ་ལྟར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག་པ་བཅས།