དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ “བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཙན་བྱོལ་བོད་མིའི་འོས་བསྡུ་གནང་ཕྱོགས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༣༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་ (India Foundation) ཞེས་པས་གོ་སྒྲིག་ཞུས་པའི་བོད་དོན་གསུང་བཤད་ཀྱི་ལས་རིམ་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ “བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཙན་བྱོལ་བོད་མིའི་འོས་བསྡུ་གནང་ཕྱོགས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོ་གསུང་དོན། བོད་ནི་འཛམ་གླིང་གི་མཐོ་སྒང་དང་། ཨེ་ཤི་ཡའི་ཆུ་བོའི་འབྱུང་ཁུངས། འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཀྱི་ཡོད་པའི་སྐོར་དང་། ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་དང་སྦྲགས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། ཕྱི་ལོ་ ༡༩༥༩ སྔོན་ལ་བོད་དེ་ཨེ་ཤི་ཡའི་རྒྱལ་ཁབ་སྟོབས་ཆེན་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ཏུ་གནས་ཡོད་པ་སོགས་བོད་ཀྱི་ས་ཆའི་ཆགས་བབས། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་སྐོར་དང་། འཕགས་བོད་དབར་ལོ་རྒྱུས་དང་། ས་མཚམས། རིག་གཞུང་བཅས་ཀྱི་འབྲེལ་བ་ཤུགས་ཆེན་པོ་ཡོད་གནས་དང་། ད་བར་ལོ་ངོ་དྲུག་ཅུ་ལྷག་གི་རིང་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱིར་མང་གཙོའི་ཁྱད་ཆོས་ཁག་ངོ་སྤྲོད་དང་། ལྷག་པར་དུ་རྒྱ་གར་ནི་འཛམ་གླིང་འདིའི་སྟེང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་། ཆོས་ལུགས་ཆེ་ཁག་ཚང་མ་འཆམ་མཐུན་ངང་གནས་བཞིན་ཡོད་པ་སོགས་མིག་དཔེར་ངོས་པའི་མང་གཙོའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཕེབས་ནས་རྒྱ་ནག་དམར་ཤོག་ལམ་ལུགས་ཀྱི་འགྲོ་སྟངས་མཁྱེན་གནང་མཛད་པ་དང་། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་ཆིབས་བསྒྱུར་བསྐྱངས་སྐབས། རྒྱ་གར་གྱི་མང་གཙོའི་གྲོས་ཚོགས་ལམ་ལུགས་སོགས་མཁྱེན་རྟོགས་མཛད་རྗེས། མང་གཙོའི་འགྲོ་ལུགས་དེ་ཧ་ཅང་ཡག་པོ་དང་གལ་ཆེར་གཟིགས་ཏེ། བོད་ནང་མང་གཙོའི་ལེགས་བཅོས་གནང་འགོ་འཛུགས་ཀྱང་། རྒྱ་ནག་དམར་པོའི་གནོན་ཤུགས་འོག་དགོངས་གཞི་ཇི་བཞིན་གྲུབ་ཐུབ་མེད་པའི་སྐོར་དང་། དེ་ནས་རྒྱ་གར་ནང་བཙན་བྱོལ་ལ་ཞབས་སོར་འཁོད་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་ལམ་སྟོན་འོག ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༩ པའི་ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་དང་། རིམ་པས་སྐབས་ཐོག་སོ་སོར་འགྱུར་བ་གནང་དགོས་ཁག་གནང་སྟེ། ད་ལྟའི་ཆར་ཁྲིམས་ཞིབ་ཁང་དང་། སྤྱི་འཐུས་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་བཅས་མང་གཙོའི་ཀ་བ་གསུམ་ལྡན་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་དང་ལྡན་པའི་མང་གཙོའི་ཆ་ལག་ཚང་བའི་སྒྲིག་འཛུགས་ཤིག་ཆགས་ཀྱི་ཡོད་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། འོས་བསྡུ་གནང་ཕྱོགས་སྐོར་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་དང་། རྒྱལ་སྤྱིའི་ནང་དཔོན་རིགས་སོགས་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་ལས་རིམ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གོ་སྒྲིག་ཞུ་བཞིན་ཡོད་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་ངོ་སྤྲོད་གནང་བ་བཅས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ཞིབ་ཕྲ་གསུངས་གནང་འདུག

མཐའ་དོན་དཔལ་ལྡན་ཚོགས་གཙོ་མཆོག་གིས། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་མིའི་སྨྲ་བརྗོད་དང་། ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་དོ་ཕོག་གཏོང་བཞིན་ཡོད་པའི་སྐོར་དང་འབྲེལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག བོད་མིའི་སྒྲིག་འཛུགས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་དམར་གཞུང་ངོས་ནས་དེར་ཡ་ལན་རྩ་བ་ནས་བྱེད་ཀྱི་མེད་པའི་སྐོར་སོགས་གསུངས་འདུག་པ་བཅས།