དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་འཇར་མན་རྒྱལ་ཁབ་ནང་གི་གཞུང་འབྲེལ་མཛད་འཆར་ཁག་ལེགས་གྲུབ་བྱུང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༥ ནས་ ༡༡ བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་འཇར་མན་རྒྱལ་ཁབ་ནང་ལྷོ་ཨེ་ཤི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཤེས་ཡོན་སྐོར་བསྐྱོད་ཀྱི་ལས་གཞིའི་ནང་མཉམ་ཞུགས་ཀྱིས་ཐེངས་འདིའི་འཇར་མན་རྒྱལ་ཁབ་ནང་གི་མཛད་འཆར་ཁག་ལེགས་གྲུབ་བྱུང་ཡོད།

ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་ནང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri Sujeet Kumar, Member of Rajya Sabha, India) མཆོག་དང་། ཤྲི་ལངྒའི་གྲོས་ཚོགས་འཐུས་མི་པི་ སུ་དྷར་ཤི་ནི་ ཧྥར་ན་ཌོ་པུ་ལེ་ (Dr. P. Sudharshini Fernandopulle, Member of Parliament, Sri Lanka) མཆོག བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ནཱ་གྷི་ནཱ་ ཡཱ་དེབ་ (Mrs. Nagina Yadav, Member of the House of Representative, Nepal) མཆོག མལ་ཌིབ་མང་གཙོ་ཚོགས་པ་དང་། ཨ་ཌུ་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་ཨ་ལི་ ནི་ཛར་ (Mr. Ali Nizar, Mayor of Addu City, Maldives Democratic Party) མཆོག འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཚེ་རིང་མཚོ་མོ་ (Mrs. Tshering Tsomo, Member of Parliament, Bhutan) མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷི་རི་ཇེན་དྷར་ སིངྒ་ (Shri Brijender Singh, Member of Parliament, Lok Sabha, India) མཆོག་བཅས་ཕེབས་ཡོད་འདུག

ཕྱི་ཚེས་ ༦ ནས་ ༧ བར་འཇར་མན་རྒྱལ་ས་བྷར་ལེན་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༨ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་ལྷོ་ཨེ་ཤི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་མན་ཛེ་ (Mainz) གྲོང་ཁྱེར་ནང་ཕེབས་ཐོན་གནང་སྟེ། (Haus Burgund) ཞེས་པའི་ནང་ཆེད་ཕེབས་ཀྱིས་དེ་གའི་འགན་འཛིན་སྐུ་ཞབས་ལའོ་རེན་ཊི་ ཝེ་ལི་ (Laurent Vieille) ལགས་དང་ལྷན། ཡུ་རོབ་མཉམ་འབྲེལ་དང་། ས་ཁུལ་མཉམ་འབྲེལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བསྡུར་ལྷུགས་པོ་གནང་ཡོད་འདུག

ཕྱི་ཚེས་ ༩ ཉིན་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་འཇར་མན་གཞུང་གི་བརྙན་འཕྲིན་ཁང་ (Zweites Deutsches Fernsehen) ཞེས་པའི་ནང་གཟིགས་སྐོར་དང་། དེ་གའི་རྒྱལ་སྤྱིའི་གནད་དོན་དང་འབྲེལ་བའི་སྡེ་ཚན་གྱི་ཕྱི་འབྲེལ་ལས་དོན་ཚན་པའི་འགན་འཛིན་ཇོར་ བྷེ་རེན་ཌི་སེ་མེར་ (Jörg Berendsmeier) ལགས་དང་། རྒྱལ་སྤྱིའི་གནད་དོན་དང་འབྲེལ་བའི་སྡེ་ཚན་གྱི་ལས་བྱེད་ཧེ་ཀོ་ ཝོན་ ཌེབ་སེ་ཆི་ཊི་ཛི་ (Heiko von Debschitz) ལགས་རྣམ་གཉིས་དང་ལྷན་འཇར་མན་གསར་འགྱུར་བརྒྱུད་ལམ་ཐོག་བཀའ་བསྡུར་གནང་བ་དང་། དེ་རྗེས། མངའ་སྡེའི་གྲོས་ཚོགས་ (Landtag Rhineland Palatinate) སུ་ཕེབས་པ་དང་། དེར་འཇར་མན་གྲོས་ཚོགས་འཐུས་མི་ཕི་ལིབ་ ཧྥར་ནི་སེ་ (Philipp Fernis) ལགས་ཀྱིས་ “སྤྱི་མཐུན་ལམ་ལུགས་ནང་མངའ་སྡེའི་གྲོས་ཚོགས་ཀྱི་འགན་འཁྲི།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དེ་བཞིན་མངའ་སྡེའི་གྲོས་ཚོགས་ནང་གཟིགས་སྐོར། དེ་ནས་འཇར་མན་དཔལ་འབྱོར་དང་། འགྲིམ་འགྲུལ། ཞིང་ལས་ལས་ཁུངས་ལ་གཟིགས་སྐོར་ཕེབས་རྗེས། ལྷོ་ཤར་ཨེ་ཤི་ཡ་དང་། དབུས་ཨེ་ཤི་ཡ། དབུས་ཤར་ཁུལ་གྱི་སློབ་སྟོན་པ་ཀེ་ཐི་རིན་ བྷོར་ནེ་མེར་ (Kathrin Börnemeier) ལགས་དང་ལྷན་མཇལ་འཕྲད་གནང་ཡོད།

ཕྱི་ཚེས་ ༡༠ ཉིན་རེན་ཧེ་སེན་བཟོ་ཚོང་ལྷན་ཚོགས་ (Rheinhessen Chamber of Commerce and Industry) ཀྱི་རྒྱལ་སྤྱིའི་ཚན་པའི་འགན་འཛིན་ཨིལ་ཝིན་ ཡིལ་མ་ཛ་ (Elvin Yilmaz) ལགས་ཀྱིས་ལྷོ་ཤར་ཨེ་ཤི་ཡའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་རེན་ཧེ་སེན་བཟོ་ཚོང་ལྷན་ཚོགས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་། ཉིན་གུང་གསོལ་ཚིགས་ལྷན་འཛོམས་ཐོག འཇར་མན་གྲོང་ཁྱེར་བྷེ་ཌི་ ཀེ་རེའུ་ཛི་ན་ཆི་ (Bad Kreuznach) ཡི་སྤྱི་ཁྱབ་ཨི་མེ་ནོལ་ ལིཊི་ཛི་ (Emanuel Letz) ལགས་དང་། ཚོང་ལས་སྡེ་ཚན་གྱི་འགན་འཛིན་ཌིག་ ཨེལ་སན་ཊི་ཛར་ (Dirk Alsentzer) ལགས། དཔལ་འབྱོར་ཡར་རྒྱས་དང་། ས་ཁང་ལས་ཁུངས་ཀྱི་འགན་འཛིན་མེ་ཀལ་ ཧྥ་ལུར་ (Michael Fluhr) ལགས་བཅས་དང་ལྷན་མཇལ་འཕྲད་ཀྱིས་གྲོང་སྡེ་ལྷན་ཚོགས་ཀྱི་ལས་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་ཡོད་འདུག

གོང་གསལ་མཇལ་འཕྲད་སྐབས་སོ་སོར།  དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་དོན་སྐོར་སྙན་སེང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཡིག་ཆ་ཕུལ་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་དང་།འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་ (Dr. Carsten Klein, Head of Regional Office South Asia, FNF) མཆོག་རྣམ་གཉིས་འཇར་མན་གྲོང་ཁྱེར་ཧྥེ་རནྐ་ཧྥར་ཊི་ (Frankfurt) ནང་རྟེན་གཞི་བྱས་པའི་བོད་ཁང་ནང་གཟིགས་སྐོར་ཕེབས་རྗེས། ཧྥེ་རནྐ་ཧྥར་ཊི་གནམ་ཐང་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་ཡོད་པ་བཅས། །