དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་གི་སྐུ་ཕུང་ཞུགས་འབུལ་ཐོག་ཆེད་བཅར་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༡༠ ཉིན་ཧི་མ་ཅཱལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀུམ་རའོ་སྒ་པ་གཞིས་ཆགས་སུ་བོད་མི་མང་སྤྱི་འཐུས་སྐབས་དང་པོ་དང་། གཉིས་པ། གསུམ་པ། དྲུག་པ་བཅས་ཀྱི་སྤྱི་འཐུས་ཀྱི་ལས་འཁུར་བཞེས་མྱོང་མཁན་སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་གི་སྐུ་ཕུང་ཞུགས་འབུལ་གནང་སོང་།

སྐབས་དེའི་སྐུ་གདུང་ཞུགས་འབུལ་ཐོག་སྐྱབས་རྗེ་ངོར་ཐར་རྩེ་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། བཀའ་ཟུར་ཆོས་སྐྱོང་དབང་ཕྱུག་ལགས། སྤྱི་ཟུར་གླིང་ཚང་ཚེ་རིང་རྡོ་རྗེ་ལགས། ས་གནས་རྒྱ་གར་གྱི་དཔོན་རིགས། དགེ་འདུན་པ་དང་ཉེ་འཁོར་མི་མང་སོགས་ཆེད་བཅར་གནང་འདུག

དེ་ཡང་སྤྱི་ཟུར་དམ་པ་མཆོག་དགུང་ལོའི་བབ་དང་། བར་ལམ་ནས་སྐུ་སྙུང་བཞེས་བཞིན་ཡོད་པ་བཅས་ལ་བརྟེན་སྡེ་ར་ལྡུན་མེག་སེ་སྨན་ཁང་ (Max Hospital, Dehradun) དུ་སྨན་བཅོས་གནང་ནས་ཅུང་དྲག་སྐྱེད་བྱུང་ནས་བདེ་སྐྱིད་གླིང་གཞིས་ཆགས་སུ་སྐུ་ངལ་གསོ་བཞིན་པའི་ཐོག་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༧ ཉིན་གྱི་ཕྱི་དྲོར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་བཅས།