༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་བ་དང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། སྐུ་གྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དམིགས་བསལ་སྐུ་མགྲོན་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག མཚན་ཉིད་མཁན་སྤྲུལ་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ་ཁག་ཅིག་སོགས་སྐུ་མགྲོན་རྣམས་པ་དང་། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་མཆོག་གིས་གཙོས་སློབ་སྤྱི་དང་། དགེ་རྒན། ལས་བྱེད་སློབ་ཕྲུག་དང་། སློབ་ཟུར་སོགས་ཕེབས་གནང་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་གི་ཉིན་མོ་ནི་ཕུན་སུམ་ཚོགས་པ་དང་བསྐལ་པ་བཟང་བའི་དུས་ཚོད་ཅིག་ཆགས་བསྡད་ཀྱི་ཡོད་རེད། དེ་ཡང་གཙོ་བོ་རླབས་ཆེན་གྱི་སྐྱེས་བུ་གཅིག་གི་མཛད་རྗེས་དང་འབྲེལ་བའི་ཐོག་ནས་དེང་སང་གི་ལམ་ལུགས་ལྟར་ང་ཚོས་ལོ་ངོ་ ༢༥ དང་། ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། ད་ལྟ་གོང་དུ་གསུང་བཤད་གནང་མཁན་ཚོས་གསུང་བཤད་གནང་བའི་ནང་དོན་གཙོ་བོ་རིགས་ལམ་དབུ་དགེ་དམ་པ་མཆོག་གི་མཛད་རྗེས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་སྔོན་མའི་ཞིང་གཤེགས་རིགས་ལམ་དབུ་དགེ་དམ་པ་མཆོག་གི་ལོ་རྒྱུས་ཁ་བསྐོང་དང་འབྲེལ་བའི་ཐོག་ནས་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། དེ་ཚོའི་ཐོག་མ་འོངས་པར་ང་ཚོའི་ངོས་ནས་ཟབ་ནན་དང་། བསམ་བློ་གཏོང་ཕྱོགས་བཅས་ཀྱི་ཐོག་གསུང་བཤད་གནང་བ་རྣམས་རྣམ་པ་ཚོས་དགོངས་པར་འཇོག་དགོས་པ་དེ་གལ་ཆེན་པོ་གཅིག་རེད། དེ་བཞིན་དེ་རིང་རིགས་ལམ་སློབ་གཉེར་ཁང་འདི་དང་འབྲེལ་བའི་ཐོག་ནས་སློབ་ཟུར་རྣམ་པ་བཞི་ལ་ཆེ་བསྟོད་འཁོར་ལོ་གསུམ་གྱི་གཟེངས་རྟགས་ཕུལ་བ་དང་། ལས་བྱེད་ཞབས་ལོ་ཉི་ཤུ་ལོན་པ་རྣམས་ལ་གཟེངས་རྟགས་ཕུལ་བ་བཅས་ལ་དགའ་ཚོར་ཆེན་པོ་བྱུང་བས། གོ་སྐབས་འདི་བརྒྱུད་ནས་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།
གཙོ་བོ་ང་ཚོའི་བསམ་བློར་འཁོར་དགོས་པ་གཅིག་ནི། ང་ཚོ་བཙན་བྱོལ་བའི་གནས་བབ་ཆགས་བསྡད་ཡོད་རེད། བཙན་བྱོལ་བ་ཟེར་དུས་༧སྐྱབས་མགོན་རིན་པོ་ཆེས་དུས་རྒྱུན་འགྲེལ་བརྗོད་ཅིག་གནང་གི་ཡོད་ཅིང་། དེ་ཡང་ང་ཚོའི་ལུང་པ་གཞན་གྱིས་བཙན་བཟུང་བྱས་ནས་ཡུལ་བྱོལ་གྱི་གནས་བབ་ཆགས་པར་བརྟེན་ནས་བཙན་བྱོལ་བ་ཆགས་བསྡད་ཡོད་པ་རེད། དུས་ཚོད་འདིའི་རིང་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་དགོངས་གཞི་རེད། དེ་བཞིན་སྐབས་དེ་དུས་ཀྱི་རྒྱ་གར་དབུས་སའི་དཔོན་རིགས་རྣམ་པ་དང་། མི་མང་ནས་བརྩེ་སེམས་དང་། བློ་ཉེ་པོའི་ཐོག་ནས་མཐུན་སྦྱོར་གནང་བའི་བཀའ་དྲིན་ལ་བརྟེན་ནས་ད་ཆ་ང་ཚོ་བཙན་བྱོལ་བའི་གནས་བབ་གཞན་དང་མ་འདྲ་བ་ཅིག་ཆགས་བསྡད་ཡོད། དེ་རིང་ང་ཚོ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་འཚོགས་བཞིན་པ་རེད། སྤྱིར་བཏང་མི་གཅིག་གི་མི་ཚེར་བསམ་བློར་བཏང་བ་ཡིན་ན། ལོ་ ༥༠ ཟེར་དུས་དུས་ཚོད་ཐུང་ཐུང་ཞིག་མ་རེད། གང་ལ་གང་འཚམས་རྫོགས་འགྲོ་ཡི་ཡོད་རེད། དེའི་རྗེས་ལ་ལོ་ཉི་ཤུའམ་སུམ་བཅུའི་རྗེས་ལ་འཆི་བ་མི་རྟག་པ་ཡོང་རྒྱུ་ཡིན་པ་གཏན་ཁེལ་ཆགས་བསྡད་ཡོད་རེད། ཡིན་ནའང་། དེ་འདྲའི་བསྐལ་པ་བཟང་པོ་བྱུང་བ་འདི། ང་ཚོའི་སྤྱི་ཚོགས་གཅིག་པུ་ཙམ་མ་ཡིན་པར། གོང་དུ་གསུངས་པ་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་སྣང་གནང་མཁན་ཧི་མ་ལ་ཡའི་མི་རིགས་ཡིན་ནའང་འདྲ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་པའི་རྒྱལ་ཁབ་ཁག་གི་མི་རིགས་ཡིན་ནའང་འདྲ། དེང་སང་གི་དུས་ཚོད་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་ལུང་པ་སྔོན་མའི་དུས་ཚོད་ལ་ནང་ཆོས་ཀྱི་སྒྲ་ཙམ་ཡང་མ་གྲག་སའི་ལུང་པ་མང་པོ་ཞིག་གི་ཤེས་ཡོན་པ་དང་། ཚན་རིག་པ། རྣམ་དཔྱོད་ཡོད་མཁན་མང་པོ་ཞིག་གིས་ནང་ཆོས་ཐོག་ཐུགས་སྣང་གནང་མཁན་ཡོད་པ་བཅས་ཚང་མར་ཕན་ཐོགས་བྱུང་ཡོད་རེད། མདོའི་ནང་ལོགས་ལ། སངས་རྒྱས་ཀྱི་བསྟན་པ་འདི་བྱང་ནས་བྱང་དུ་དར་བ་ཞེས་པའི་ལུང་བསྟན་ཞིག་ཡོད་པ་ལྟར། རྒྱ་གར་ནས་བརྩིས་པ་ཡིན་ན་བོད་དེ་བྱང་དང་། བོད་ནས་བརྩིས་པ་ཡིན་ན། སོག་པོ་ལ་སོགས་བྱང་ཆགས་བསྡད་ཡོད་དུས། ནམ་རྒྱུན་ནང་ཆོས་དེ་འདྲ་དར་གྱི་ཡོད་པ་ཞིག་ཤོད་ཀྱི་ཡོད་རེད། དེང་སང་གི་དུས་ཚོད་ལ་ནང་ཆོས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནང་ནས་དོ་སྣང་ཤུགས་ཆེན་པོ་གནང་གི་ཡོད་པ་མ་ཟད། ཚན་རིག་དང་མཉམ་དུ་དཔུང་པ་མཉམ་གཤིབ་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་ཡང་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་། དེ་བཞིན་རྒྱ་གར་དབུས་སའི་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་དུས། ང་ཚོ་དེ་རིང་མཛད་སྒོ་འཚོགས་བཞིན་པ་འདི་ཡང་། དམིགས་བསལ་དེ་ཚོ་ཕྱོགས་བསྡོམས་གནང་ནས་གྲུབ་འབྲས་དེ་ཚོ་སྟོན་ཐུབ་རྒྱུའི་དུས་ཚོད་དེ་ཚོ་དེ་ཡང་གལ་ཆེན་པོ་འདྲ་ཞིག་མཐོང་སོང་། དེ་ཡིན་དུས། འདི་ནས་སློབ་མཐར་སོན་མཁན་བོད་པ་ཡིན་ནའང་འདྲ། ཧི་མ་ལ་ཡའི་མི་རྒྱུད་ཡིན་ནའང་འདྲ། ཕྱིའི་ཡུལ་གྲུ་ཁག་གི་མི་སྣ་བཅས་ཚང་མར་འཚམས་འདྲི་དང་། དམིགས་བསལ་གྱིས་འདི་འདྲ་བའི་གོ་སྐབས་བཟང་པོ་ཤར་བ་དེ་སོ་སོའི་ངོས་ནས་དགའ་བ་སྒོམ་དགོས་པའི་དུས་ཚོད་ཅིག་ཆགས་བསྡད་ཀྱི་ཡོད་རེད་ཅེས་ཞུ་རྒྱུ་ཡིན།
དེ་ནང་བཞིན་དངོས་སུ་སློབ་གཉེར་གནང་མཁན་སྐྱ་སེར་དབྱེར་མེད་སུམ་བརྒྱ་ལྷག་ཙམ་ཀྱིས་སོ་སོའི་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུར་འབད་བརྩོན་ཞུས་དང་ཞུ་བཞིན་པ་ཆགས་བསྡད་ཡོད་རེད། དེ་ང་ཚོ་ཆོས་ཕྱོགས་ནས་ཞུས་པ་ཡིན་ན། རྗེ་བཙུན་བྱམས་མགོན་གྱི་མདོ་སྡེ་རྒྱན་ནང་། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་དང་། དེ་བཞིན་སྤྱོད་མཇུག་ནང་ལོགས་ལ། རྒྱལ་སྲས་རྣམས་ཀྱིས་མ་སློབ་པ། །དེ་ནས་གནས་དེ་ཡོད་མ་ཡིན། དེ་ལྟར་སློབ་པའི་མཁས་པ་ལ། ། བསོད་ནམས་མི་གྱུར་གང་ཡང་མེད། །ཞེས་གསུངས་ཡོད་པ་ལྟར། མི་སྒེར་སོ་སོའི་མི་ཚེ་གཅིག་པུའི་ཆེད་སློབ་སྦྱོང་བྱ་རྒྱུའི་བསམ་བློ་བཏང་བ་ཡིན་ན། དེའི་འབྲས་བུ་ཡང་སྨིན་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་མ་ཟད། སློབ་སྦྱོང་དེ་ཡང་གྲུབ་འབྲས་ཐོན་མི་ཐོན་གྱི་གནས་སྟངས་ཆགས་ཀྱི་འདུག སློབ་སྦྱོང་དང་མཉམ་དུ་གཞན་ཕན་གྱི་བསམ་བློ་གཏོང་ཐུབ་པ་ཡིན་ན། འབྲས་བུ་དེ་ཡང་རང་བཞིན་གྱིས་རླབས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་གསལ་པོ་རེད་འདུག རྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་ཀྱིས་མ་སློབ་པའི་གནས་གང་ཡང་ཡོད་མ་རེད། དེ་བསླབས་སོང་བ་ཡིན་ན། བསླབས་པ་དེའི་བྱེད་ལས་ཀྱིས་བསོད་ནམས་མི་གྱུར་བ་གང་ཡང་ཡོད་མ་རེད་ཅེས་གསུངས་གི་ཡོད་རེད། དེ་ཡིན་དུས། བསོད་ནམས་ཀྱི་རྒྱུ་གསོག་པར། གཞན་ཕན་གྱི་བློ་དགོས་ཀྱི་ཡོད་པ་དང་། རང་གཅེས་འཛིན་གྱི་བློའི་ཐོག་ནས་བསོད་ནམས་ཡོང་གི་ཡོད་མ་རེད། བྱས་ཙང་། སློབ་སྦྱོང་བྱེད་པ་དང་མཉམ་དུ་གཞན་ཕན་གྱི་བསམ་བློ་གཏོང་ཐུབ་པ་ཡིན་ན། དེའི་འབྲས་བུ་ཡང་རླབས་ཆེན་པོ་བྱུང་བསྡད་ཀྱི་ཡོད་པ་གསལ་པོ་ཡིན་དུས། རྣམ་པ་ཚོ་དངོས་སུ་སློབ་ཞུགས་གནང་མཁན་ཚོས་མ་འོངས་པར་དམིགས་ཡུལ་ཆེན་པོ་ཞིག་ཟིན་ནས་སློབ་སྦྱོང་གནང་བཞིན་ཡོད་པ་ལྟར། དུས་རྟག་ཏུ་དེ་ཚོའི་ཐོག་བརྩོན་འགྲུས་ཧུར་བསྐྱེད་གནང་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོའི་མི་ཚེ་དེ་ཆོས་ཀྱི་ཕྱོགས་ལ་བློས་གཏོང་བྱས་པ་ཡིན་ན། དེང་སང་གི་སྤྱི་ཚོགས་དང་འབྲེལ་བ་གང་ཆགས་སྡོད་ཀྱི་ཡོད་དམ་ཞེས་པའི་དྲི་བ་ཞིག་རང་བཞིན་གྱི་སླེབས་བསྡད་ཀྱི་ཡོད་དུས། དེའི་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག ངས་ནམ་རྒྱུན་ཞུས་བསྡད་ཀྱི་ཡོད། སྤྱོད་འཇུག་ནང་ཚིག་གཅིག་ཡོད་རེད། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་བྱུང་བའི་གནས། །བསྟན་པ་བརྙེད་དང་བཀུར་བསྟི་དང་། །བཅས་དེ་ཡུན་རིང་གནས་གྱུར་ཅིག ། ཞེས་གསུངས་པ་ལྟར། འགྲོ་བའི་སྡུག་བསྔལ་གྱི་སྨན་གཅིག་པུ་དེ་ནང་ཆོས་ཆགས་བསྡད་ཀྱི་ཡོད་རེད། དེར་བསམ་བློ་གཏོང་དུས། ང་ཚོའི་སྤྱི་ཚོགས་ནང་མཚམས་རེ་དཀའ་ངལ་ཡོང་གི་ཡོད་ཀྱང་། དེར་བཟང་ཕྱོགས་ནས་གདོང་ལེན་གནང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་བསྡད་པའི་གནས་བབ་ཅིག་ཆགས་ཀྱི་འདུག གང་ཡིན་ཟེར་ན། སོ་སའི་རྒྱུད་ལ་ཐོག་མ་མེད་པ་ནས་སོ་སོའི་སྐྱེ་བོ་ཡིན་དུས། འདོད་ཆགས་དང་། ཞེ་སྡང་། ཁོང་ཁྲོ། ང་རྒྱལ་བཅས་ཀྱི་བྱེད་ལས་ཀྱིས་སོ་སོ་མ་སྐྱིད་པ་དང་། སོ་སོའི་གྲོགས་པོ་མ་སྐྱིད་པ། རིམ་པས་སོ་སོའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལའང་མ་སྐྱིད་པ་ཡོང་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དཔེར་ན། ཏོག་དབྱིབས་ནད་ཡམས་སྐབས་དང་། ད་ལྟ་བྱུང་བཞིན་པའི་དམག་འཁྲུག་སོགས་ཀྱིས་ཚང་མ་མ་སྐྱིད་པ་བཟོས་བསྡད་ཀྱི་ཡོད་རེད། མ་འོངས་པར་གང་ཡོང་མིན་ཚོད་དཔག་ཞུ་ཚོད་མ་ཐིག་པ་ཆགས་བསྡད་ཡོད་རེད། དེ་དག་ཚང་མའི་རྒྱུ་དེ་ཚོར་བརྟེན་ནས་ཡོང་གི་ཡོད་པ་གསལ་པོ་རེད་འདུག དེ་ཡིན་དུས། དེང་སང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་ཚོ་རླབས་ཆེན་པོ་ཆགས་བསྡད་ཡོད་པ་དང་། ཉོན་མོངས་དེ་ཚོ་མགོ་གནོོན་བྱ་རྒྱུ་དང་། རྩ་བ་ནས་སྤངས་པ་བྱ་རྒྱུ་བཅས་ལ་ནང་ཆོས་དེ་ཧ་ལས་པ་རེད་འདུག སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་སེམས་ཉམས་ལེན་བྱེད་ཐུབ་པ་ཡིན་ན། དེས་རང་བཞིན་གྱིས་སོ་སོའི་སྤྱི་ཚོགས་ལ་ཕན་ཐོགས་དང་། མི་ཚེ་ཞི་བདེ་དང་། དོན་དང་ལྡན་པ་བསྐྱལ་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་གསལ་པོ་རེད་འདུག དེ་འདྲའི་གནས་སྟངས་ཐོག་ནས་ནང་ཆོས་དེ་དེང་སང་གི་སྤྱི་ཚོགས་ནང་དེ་བས་འབྲེལ་བ་ཤུགས་ཆེ་བ་ཆགས་ཀྱི་ཡོད་རེད། དེ་ཚོའི་ཐོག་ལ་ཚང་མས་གོ་རྟོགས་སྤེལ་དགོས་པ་དང་། ཉམས་ལེན་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག མི་སྐྱ་ཡིན་ནའང་ནང་ཆོས་ཐོག་ལ་སློབ་གཉེར་གནང་ཐུབ་ན་ཕན་ཡོན་དོན་དང་ལྡན་པ་ཡོད་པ་གསལ་པོ་རེད། དེ་བཞིན་ང་ཚོ་སེར་མོ་བ་ཡིན་ནའང་། རིག་པའི་གནས་ཆེ་བ་ལྔའི་ནང་ནས་ནང་དོན་རིག་པ་ཟེར་བ་ཧ་ལས་པའི་གལ་ཆེན་པོ་རེད་འདུག དེའི་བྱེད་སྟངས་དེ། སློབ་དཔོན་དབྱེགས་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ། ཞེས་གསུངས་པ་ལྟར་ཐོས་བསམ་ཡག་པོ་བྱེད་དགོས་པ་དང་། ཐོས་བསམ་སོ་སོའི་རྒྱུད་ལ་སྦྱར་ནས་ཉམས་ལེན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག ཐོག་མར་ང་ཚོའི་ལོ་རྒྱུས་ནང་བལྟས་པ་ཡིན་ན། ནང་ཆོས་དར་བའི་དུས་སྐབས་ལ་ཐོས་བསམ་དང་། ཉམས་ལེན་ཤུགས་ཆེ་བ་གནང་གི་ཡོད་པ་འདྲ་པོ་འདུག སྐབས་དེ་དུས་དུས་རབས་བརྒྱད་པའི་ནང་ལོགས་ལ་བོད་ཀྱི་རྗེ་འབངས་ཉེར་ལྔ་ཟེར་བ་འདྲ་པོ། དེ་ཚོ་ནང་ཆོས་ཀྱི་རྟོགས་པ་མངོན་དུ་གྱུར་ནས་མིག་མཐོང་གི་གྲུབ་རྟགས་སྟོན་ཐུབ་པ་དེ་འདྲ་ཆགས་ཀྱི་འདུག བར་སྐབས་ནས་ང་ཚོ་གཞུང་ཆེན་ཁག་གི་ཐོག་རིག་པའི་ལམ་ནས་རྩད་གཅོད་བྱས་ནས་གཞན་ལུགས་དགག་པ། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་ཞེས་གསུང་གི་འདུག དེ་ཚོའི་གྲས་གཞུང་བཤད་སྟངས་ལ་དམིགས་བསལ་ཞིག་འདུག དེའི་ཐོག་ཤུགས་ཆེ་རུ་ཕྱིན་པའི་གནས་སྟངས་ཤིག་བྱུང་འདུག དེང་སང་དུས་ཚོད་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། རྒྱལ་སྤྱིའི་ནུབ་ཕྱོགས་པ་མང་པོ་ཞིག་གིས་ཞིབ་འཇུག་བྱས་ནས་གྲུབ་དོན་རྙེད་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་པའི་གནས་སྟངས་ཆགས་བསྡད་འདུག ནང་དོན་རིག་པ་དེ་གཙོ་བོ་སེམས་ཁམས་དང་འབྲེལ་བ་ཆགས་བསྡད་དུས་དངོས་སུ་མིག་གིས་ཐད་ཀར་མཐོང་ཐུབ་རྒྱུ་ཁག་པོ་ཡིན་པ་དང་། ཉམས་ལེན་གྱི་ཐོག་ནས་སོ་སོའི་རྒྱུད་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་རེད། ཡིན་ནའང་། སྟོན་པས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བློ་དང་འཚམས་པ་ཞིག་གསུངས་ཡོད་པར་བརྟེན། གང་ཟག་གཅིག་གི་བསམ་ཚུལ་གཅིག་པུ་མིན་དུས། དེ་ལ་ཞིབ་འཇུག་བྱེད་ཡོང་དུས་ངའི་བློ་དང་འཚམས་པའི་གྲུབ་དོན་ཞིག་རྙེད་ཐུབ་ཐབས་དང་། ངའི་རྒྱུད་ཀྱི་ཉོན་མོངས་ཀྱི་བློ་རག་པ་དེ་ཚོ་ཞི་ཐུབ་རྒྱུའི་ཕན་ཐོགས་མེད་ན་བསམ་བསམ་འདྲ་པོ་ཞིབ་འཇུག་བྱས་ནས་གྲུབ་དོན་རྟོགས་ཐུབ་ཀྱི་འདུག རྣམ་པ་ཚོས་དེ་ཚོའི་ཐོག་དགོངས་པ་བཞེས་ཐུབ་ན་ཕན་ཐོགས་ཡོད་རེད་བསམ་གྱི་འདུག
ད་ལྟ་གོང་དུ་རིགས་སློབ་དབུ་དགེ་དམ་པ་མཆོག་གི་རྣམ་ཐར་དང་འབྲེལ་བའི་ཐོག་ནས། སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་གསུང་སྟངས་བྱས་པ་ཡིན་ན། དམ་པ་ཁོང་ནི་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་གང་ཡོད་པའི་ཐོག་ཐེ་ཚོམ་མེད་པར་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་པ་དང་། ལོ་རྒྱུས་ལ་བལྟས་ཡོང་དུས། རིགས་སློབ་འདི་ཉིད་ཐོག་མར་གསར་བཞེངས་དང་། དབུ་འབྱེད། བསླབ་པ་མཐར་སོན་གྱི་མཛད་སྒོ་སོགས་མང་པོ་ཞིག་གི་ནང་༧སྐྱབས་མགོན་རིན་པོ་ཆེ་ཆིབས་བསྒྱུར་མཛད་འདུག དེ་བཞིན་ཕོ་བྲང་ནང་ལའང་མཇལ་ཁ་བསྩལ་འདུག ༧སྐྱབས་མགོན་རིན་པོ་ཆེས་འདིར་དམིགས་བསལ་གྱིས་གཟིགས་པ་ཆེན་པོ་ཞིག་ཡོད་པ་གསལ་པོ་རེད་འདུག དེ་ཡང་རིགས་སློབ་དབུ་དགེ་དམ་པ་ཁོང་གི་ཕྱག་རྗེས་ཀྱི་ཐོག་ནས་གཟིགས་པ་དེ་ཡོང་བ་ཞིག་ཡིན་དུས། དམ་པ་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་ཐུབ་དགོས་པ་དང་། མ་འོངས་པར་ཡང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་། རིགས་ལམ་དབུ་དགེ་དམ་པའི་དགོངས་གཞི་གང་ཡིན་པ་དེ་བསྒྲུབ་ཐུབ་དགོས་པ་གལ་ཆེན་པོ་རེད། འདི་ནས་སློབ་ཐོན་བྱུང་བ་མང་པོ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་འདྲ་མིན་ནང་ཕྱག་ལས་གནང་གི་ཡོད་རེད། དེ་ཡང་བོད་ཡིག་གི་ཤེས་ཚད་ཐོག་ནས་ཡོང་གི་ཡོད་རེད། ཚོགས་དྲུང་ལས་ཁུངས་གཅིག་པུར་མཚོན་པར་ཡིན་ན། འདི་ནས་ཐོན་པའི་ལས་བྱེད་གསུམ་ཡོད་པ་དང་། ཁོང་རྣམས་ཤེས་ཡོན་དང་། སྤྱོད་ལམ་གང་ཅིའི་ཐད་ཡག་ཐག་ཆོད་ཡོད་རེད། འདིར་ཚོད་དཔག་འདྲ་བྱས་པ་ཡིན་ན། རྣམ་པ་ཚོའང་དེ་ལྟར་ཡག་པོ་ཡོད་ཤག་རེད། སྔོན་མ་གྲོས་ཚོགས་ཀྱི་ལས་རིམ་ཕབ་ལེན་ཐོག་ཝར་ཎ་གཙུག་ལག་སློབ་གཉེར་ཁང་ནས་མཐུན་འགྱུར་སྦྱར་གྱི་ཡོད་པ་དང་། བར་སྐབས་ཤིག་ནས་སཱ་ར་མཐོ་རིམ་སློབ་གཉེར་ཁང་ནས་མཐུན་འགྱུར་སྦྱར་གྱི་ཡོད་རེད། བོད་ཀྱི་སྐད་ཡིག་ནི་བོད་ཀྱི་ཆོས་དང་། རིག་གཞུང་བཅས་ཀྱི་སྲོག་རྩ་འདྲ་པོ་ཆགས་བསྡད་ཡོད་པ་དང་། དེ་སྤྱི་ཚོགས་ནང་མུ་མཐུད་མི་ཉམས་པར་རྒྱུན་མཐུད་ཐུབ་རྒྱུའི་གནས་སྟངས་ཤིག་འདི་ནས་ཡོང་གི་འདུག་པས། འདིར་དམིགས་བསལ་གྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བསྟན་པ་དང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ། དེ་བཞིན་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་། རིགས་ལམ་སློབ་གཉེར་དབུས་དང་ཡན་ལག་གི་བསྟན་འགྲོའི་ལས་དོན་ཁག་གོང་སྤེལ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་ཞིང་གཤེགས་དབུ་དགེ་དམ་པ་རྗེ་བཙུན་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་གསུང་འབུམ་དབུ་འབྱེད་དང་། བྱས་པ་ཅན་གྱི་སློབ་ཟུར་བཞི་ལ་ཆེ་བསྟོད་འཁོར་ལོ་གསུམ་གྱི་གཟེངས་རྟགས་ཕུལ་བ་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རིགས་ལམ་སློབ་གཉེར་ཁང་གི་ལོ་རྒྱུས་བརྙན་དེབ་དང་། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་བརྙན་དེབ། རིགས་སློབ་དབུ་དགེ་དམ་པ་མཁས་དབང་བློ་བཟང་རྒྱ་མཚོ་མཆོག་གི་མཛད་རྗེས་སྙིང་བསྡུས་གསལ་བའི་བརྙན་དེབ། དགེ་བཤེས་བྱང་ཆུབ་ཚུལ་ཁྲིམས་ཀྱི་མཛད་རྣམ་སྔོན་བྱུང་དད་པའི་གསོས་སུ་དྲན་པ་ཞེས་པའི་དཔེ་དེབ། གངྒའི་བཞད་སྒྲའི་དཔྱད་རྩོམ་ལེགས་བཏུས་བཅས་དབུ་འབྱེད་གནང་བ་དང་། མཚན་ཉིད་མཁན་སྤྲུལ་ཚེ་བརྟན་རིན་པོ་ཆེ་མཆོག་ནས་རིགས་སློབ་མ་ལག་གཉིས་ཀྱི་གཏོང་ཕོད་ཅན་གྱི་རྒྱུ་སྦྱོར་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་གཟེངས་བསྟོད་ཕྱག་རྟགས། དམིགས་བསལ་སྐུ་མགྲོན་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་རིགས་སློབ་མ་ལག་གི་ཞབས་ལོ་ཉི་ཤུ་འཁོར་བའི་ལས་བྱེད་རྣམས་ལ་གཟེངས་རྟགས་ཐུབ་དབང་གི་སྣང་བརྙན་རེ་ཕུལ་གནང་སོང་བ་བཅས། །