༄༅། །ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཌཡེ་ནེ་ ཕ་ཧེན་སི་ཊིན་ (Dianne Feinstein) མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༣༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་ཞུས་གནང་འདུག
དེ་ཡང་ལྕམ་སྐུ་མཆོག་གི་སྲས་མོ་ཀེ་ཐི་རིན་ ཕ་ཧེན་སི་ཊིན་ (Katherine Feinstein) མཆོག་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཌཡེ་ནེ་ ཕ་ཧེན་སི་ཊིན་ (Dianne Feinstein) མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་ཧ་ཅང་གི་བློ་ཕམ་བྱུང་།
ཕྱི་ལོ་ ༢༠༢༢ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་སྐབས། དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་དམ་པ་ཁོང་གི་ལས་ཁུངས་སུ་ཆེད་བཅར་གྱིས་མཇལ་མོལ་གནང་རྒྱུའི་གོ་སྐབས་བྱུང་བ་མ་ཟད། སྐབས་དེ་དུས་ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ཇི་ཙམ་ཐུགས་ཁུར་རྒྱབ་སྐྱོར་གནང་གི་ཡོད་པ་དངོས་སུ་མཇལ་བྱུང་། གཞི་རྩའི་དམ་པ་ཁོང་ནི་ཨ་རིའི་ཁེ་ལི་ཕོར་ནི་ཡའི་ཁུལ་ནས་གྲོས་ཚོགས་གོང་མའི་འཐུས་མི་ལས་ཡུན་རིང་ཤོས་གནང་མཁན་ཞིག་ཡིན་པར་མ་ཟད། ཨ་རིའི་ལོ་རྒྱུས་ནང་བུད་མེད་གྲོས་ཚོགས་གོང་མའི་འཐུས་མི་ལས་ཡུན་རིང་ཤོས་གནང་མཁན་ཞིག་དང་། གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་རྒན་པ་ཞིག་ཀྱང་ཆགས་ཀྱི་ཡོད།
ལྕམ་སྐུ་ཁོང་གིས་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་དོན་སྲིད་བྱུས་ (Tibetan Policy Act 2002) དང་། ཨ་རིའི་གྲོས་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་གྱིས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བཞེས་གནང་རྒྱུའི་གྲོས་ཆོད་བཅས་གཏན་འབེབས་གནང་རྒྱུར་ཐུགས་འགན་ཆེན་པོ་བཞེས་གནང་ཡོད།
དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་བོད་མི་དང་། བོད་ཀྱི་རྩ་དོན་ཐོག་ལྷག་བསམ་གཡོ་བ་མེད་པར་རྒྱབ་སྐྱོར་གནང་བ་རྣམས་ང་ཚོས་རྟག་ཏུ་དྲན་ངེས་ཡིན། ལྕམ་སྐུ་ཁོང་སྐུ་གཤེགས་པ་དེས་བོད་ཀྱི་བློ་ཉེ་བའི་གྲོགས་པོ་ཞིག་དང་། འཛམ་གླིང་གི་རླབས་ཆེན་གྱི་དབུ་ཁྲིད་གཅིག་མེད་པར་ཆགས་ཡོད།
ད་ལྟའི་དུས་ཚོད་འདིར་འཛམ་གླིང་གང་སར་བཞུགས་པའི་བོད་མི་ཚོས་ཁྱེད་ནང་མི་ལྷན་རྒྱས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ངས་སླར་ཡང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།