དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐའེ་ཝན་ནས་ཕེབས་པའི་རྒྱ་རིགས་ཚན་རིག་པ་དང་མཁས་དབང་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༥ ཉིན་རྒྱབ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཐེའི་ཝན་གཞུང་གི་ཚན་རིག་དང་། འཕྲུལ་རིག་བློན་ཆེན་ཟུར་པ་དང་། དངོས་ཁམས་ཚན་རིག་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ཡཱང་ ཧུང་ཏྲུ ན་  (Mr. Hung-Duen Yang, Former Minister of Science and Technology and Distinguished Professor of Department of Physics in Chung-Sheng University) མཆོག་གིས་གཙོས་པའི་ཐའེ་ཝན་ནས་ཕེབས་པའི་རྒྱ་རིགས་ཚན་རིག་པ་དང་མཁས་དབང་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་སོང་།

 དེ་ཡང་ཐོག་མར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཁོང་རྣམས་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ལོ་ ༢༠༠༦ ནས་ད་བར་སྐབས་བཞིའི་རིང་སྤྱི་འཐུས་ལྷན་ཚོགས་སུ་ཕྱག་ལས་གནང་ཡུན་རིང་། ཐའེ་ཝན་རྒྱལ་ཁབ་ནང་ཐེངས་གཉིས་ཆེད་ཕེབས་གནང་བའི་སྐོར་ངོ་སྤྲོད་དང་། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་བཙན་བྱོལ་དུ་སླེབས་པ་ནས་བཟུང་ད་བར་ལོ་ངོ་ ༦༤ ལྷག་འགྲོ་བཞིན་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་གཉིས་ནི་བོད་མི་ཚོར་ཧ་ཅང་བཀའ་དྲིན་ཆེན་པོར་ཚོར་བཞིན་ཡོད་པ་དང་། དེ་བཞིན་ཐའེ་ཝན་ཕྱོགས་ནས་ཀྱང་བོད་ཀྱི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་ཐོག་ལ་ཕན་ཐོགས་ཆེན་པོ་བསྐྲུན་ཡོད་པར། གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུས་གནང་སོང་།

དེ་བཞིན་ཆབ་སྲིད་ཀྱི་ཐོག་ལ། རྒྱ་ནག་ནང་འགྱུར་བ་ཞིག་འགྲོ་དགོས་པ་གསལ་པོ་ཡིན་པ་ཚང་མས་ངོས་འཛིན་གནང་གི་ཡོད་པ་དང་། བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་གཞིར་བཟུང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ། རྒྱ་ནག་མཉམ་དུ་འབྲེལ་མོལ་ཐེངས་ ༩ བྱུང་བའི་སྐོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས། ཞི་ཅིན་ཕིང་གི་སྐབས་ལ་སྔར་ལྷག་དམ་བསྒྲགས་དང་། མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ། ཕྱི་ལོ་ ༢༠༢༢ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་པའི་རྗེས་ལ། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྒྱ་ནག་དང་ཐའེ་ཝན་གྱི་རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཁག་ཅིག་དང་མཇལ་འཛོམས་གནང་སྐབས། རྒྱ་རིགས་གཅིག་གིས་གསུངས་དོན་ལ། བོད་མི་རྣམས་ལ་༧རྒྱལ་བ་རིན་པོ་ཆེ་ཡོད་པ་དེས་བོད་ཀྱི་ཆོས་དང་། རིག་གཞུང་། ཆབ་སྲིད་སོགས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད་པ་དང་། དེ་བཞིན་རྒྱ་ནག་མི་མང་ལ་ཐའེ་ཝན་གྱི་མང་གཙོ་ཡོད་པ་དེས་མིག་དཔེ་བལྟ་ས་འདྲ་པོ་ཞིག་ཆགས་ཡོད་པ་དེའང་གལ་ཆེན་པོ་ཡིན་པ་གསུངས་བའི་སྐོར་དང་། བཀའ་མོལ་དེར་གོ་རྒྱུ་ཆེན་པོ་ཡོད་པ་དང་། གལ་ཆེན་པོ་འདྲ་པོ་ཞིག་ཚོར་བའི་སྐོར། རྒྱ་ནག་ནང་གི་སྲིད་བྱུས་འཛིན་སྟངས་དང་ང་ཚོ་ཚང་མ་ཐད་ཀར་འབྲེལ་བ་ཆགས་བསྡད་དུས། རྒྱ་ནག་ནང་ལོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་ཐོག་འབད་བརྩོན་བྱ་རྒྱུའི་ཐོག་བསམ་བློ་གཏང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད་ཅེས་གསུངས་གནང་སོང་།

ཐེའི་ཝན་གཞུང་གི་ཚན་རིག་དང་། འཕྲུལ་རིག་བློན་ཆེན་ཟུར་པ་དང་། དངོས་ཁམས་ཚན་རིག་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ཡཱང་ ཧུང་ཏྲུ ན་  མཆོག་གིས་ཐོག་མར་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁོང་རྣམས་ལ་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་རྣམས་བཞུགས་སྒར་དུ་རེས་གཟའ་སྤེན་པར་ཕེབས་འབྱོར་བྱུང་བ་དང་། ཁ་སང་༧རྒྱལ་བ་རིན་པོ་ཆེའི་མཇལ་ཁ་ཐོབ་པ་མ་ཟད། དེ་རིང་གསུང་ཆོས་ལ་བཅར་རྒྱུའི་གོ་སྐབས་བྱུང་བའི་སྐོར་ངོ་སྤྲོད་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་ནག་གི་ཆབ་སྲིད་དང་། རྒྱལ་སྤྱིའི་ནང་རྒྱ་ནག་གི་གནས་བབ་སོགས་ཀྱི་སྐོར་དང་། ཚོགས་དྲུང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྒྲོམ་གཞི་སོགས་ཀྱི་སྐོར་གསུངས་གནང་བ་དེས་ཧ་ཅང་གོ་རྟོགས་ཆེན་པོ་བྱུང་སྐོར་དང་། ཁོང་རྣམ་པའི་ངོས་ནས་ལེགས་ཆ་ལེན་དགོས་ཁག་ལེན་རྒྱུ་ཡིན་པའི་སྐོར། དེ་སྔོན་ལོ་བཞིའི་སྔོན་ཐའེ་ཝན་སྲིད་འཛིན་འོས་བསྡུའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་རྒྱུ་བྱུང་བ་དང་། དེ་རིང་ལོ་བཞིའི་རྗེས་ལ་སླར་ཡང་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། མ་འོངས་པར་དཔལ་ལྡན་ཚོགས་གཙོ་མཆོག་ཐའེ་ཝན་ལ་ཕེབས་རྒྱུའི་རེ་འདུན་དང་། ཐའེ་ཝན་མི་མང་རྣམས་རྟག་ཏུ་བོད་མི་མཉམ་དུ་ཡོད་པ་དང་། བོད་དོན་ཐོག་རྟག་ཏུ་རྒྱབ་སྐྱོར་ཡོད་སྐོར་སོགས་གསུངས་གནང་རྗེས། བོད་རྒྱ་འབྲེལ་མོལ་དང་། དེའི་གྲུབ་འབྲས་ཀྱི་སྐོར། ཞི་ཅིན་ཕིང་གི་སྲིད་འཛིན་ལས་ཡུན་རིང་བོད་ནང་གི་གནས་སྟངས་སྐོར་སོགས་ཀྱི་ཐོག་བཀའ་འདྲི་ཞུས་པར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་སྐུ་མགྲོན་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་ཞུས་གནང་སོང་།

ཐེངས་འདིར་དངོས་ཁམས་ཚན་རིག་གི་སློབ་དཔོན་སྐུ་ཞབས་གྲན་ ཡུའུ་ ཀོའོ་ (Mr. Cheng-Yu Kuo, Associate Professor of Department of Physics in Chung-Sheng University) ལགས་དང་། ཐེ་བོད་བརྗེ་ལེན་ཐེབས་རྩའི་ཚོགས་ཆུང་གི་དྲུང་གཞོན་སྐུ་ཞབས་ཝོང་ སུའུ་ ཅལ་ (Mr. Su-Jei Own, Former Deputy Secretary General of Taiwan-Tibet Exchange Foundation) ལགས། གློག་འཕྲུལ་རིག་པའི་སློབ་དཔོན་ལས་རོགས་ཝང་ ཅཱ་ དབྱིན་ (Mr. Jia-Yin Wang, Assistant Professor of Department of Electronic Engineering) ལགས།  ཚོང་ལས་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ལིན་ ཀྲའོ་ གཡུང་ (Mr. Chao-Yong Lin, CEO of Technology company) ལགས་བཅས་ཕེབས་གནང་ཡོད་པ་བཅས། །