༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༣ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་ཕྱི་ཚེས་ ༡༠ ནས་ ༡༡ བར་ཉིན་གཉིས་རིང་བོད་ཀྱི་ཟློས་གར་ཚོགས་ཁང་ནང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༦ པ་སྲུང་བརྩི་ཞུས་གནང་སོང་།
དེ་ཡང་ཕྱི་ཚེས་ ༡༡ ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༦ པའི་མཇུག་བསྡོམས་མཛད་སྒོ་ཚོགས་ཤིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཀངྒ་ར་རྫོང་གི་རྫོང་དཔོན་གཞོན་པ་ལྕམ་སྐུ་གན་དྷ་ཝ་ ར་ཐོར་ (Gandharva Rathore, Additional Deputy Commissioner of Kangra) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག གཞན་སྐུ་མགྲོན་དུ་རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཨོན་ཀར་ནེ་རི་ཡ་ (Shri.Onkar Nehria, Mayor of Dharamshala Municipal Corporation) མཆོག་དང་། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ (Ajit Nehria) ལགས་དང་། ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་ (Shri Ram Swaroop) ལགས། རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ། ས་གནས་མི་མང་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་སོང་།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ང་ཚོ་འདིར་ཧི་མ་ལ་ཡའི་དུས་སྟོན་ཞེས་དགའ་སྤྲོའི་ངང་འདུ་འཛོམས་གནང་དོན་གཙོ་བོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། ཚང་མས་མཁྱེན་གསལ་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྐབས། མགོན་པོ་གང་ཉིད་མཆོག་གིས་ད་རེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེ་བཞིན་འཛམ་གླིང་འདིའི་སྟེང་བྱམས་པ་དང་། སྙིང་རྗེ། འཚེ་བ་མེད་པ་བཅས་ལ་ངོས་འཛིན་བྱས་པར་མཚོན་གྱི་ཡོད་ཅེས་གསུངས་ཡོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ལ་སྡོད་མཁན་ཧིན་དུའི་རྗེས་འབྲངས་ཡིན་ནའང་འདྲ། ནང་པའི་རྗེས་འབྲངས་ཡིན་ནའང་ཚང་མ་བྱམས་པ་དང་། སྙིང་རྗེ། འཚེ་བ་མེད་པའི་རིག་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་དུས། ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚང་མ་ཕྱིའི་རྣམ་འགྱུར་ཐོག་དགའ་པོའི་ངང་གནས་བསྡད་ཡོད་པ་ལྟ་བུ་ཡོད་ཀྱང་། ནང་སེམས་ལ་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་སྡུག་བསྔལ་ཤེས་པའི་ཐོག་ག་དུས་ཡིན་ནའང་། བོད་ཀྱི་རྩ་དོན་སེམས་ནང་བཞག་ནས་ཕྱག་ལས་གནང་བཞིན་ཡོད་པ་རེད། རྒྱ་ནག་དམར་པོའི་བཙན་གནོན་འོག གཞིས་བཞུགས་སྤུན་ཟླ་རྣམས་མུ་མཐུད་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་དུས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་གནང་རྒྱུ་དེ་བཞིན་རིག་གཞུང་འཁྲབ་སྟོན་གྱི་ངོ་བོ་ཙམ་མིན་པར། དེ་དང་མཉམ་དུ་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་རྒྱ་གར་མི་མང་ནང་ཁྱབ་སྤེལ་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད།
དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མཉམ་རུབ་ཐོག་བོད་ཀྱི་རྩ་དོན་ཐོག་ནུས་པ་མཉམ་སྤུངས་གནང་དགོས་པ་དང་། ད་ལྟ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་མང་ཆེ་བ་མི་རབས་རྒན་པ་ཆགས་ཀྱི་འདུག་པས། མ་འོངས་པར་མི་རབས་གཞོན་པ་གང་མང་ཚོགས་པའི་ནང་མཉམ་ཞུགས་ཡོང་རྒྱུའི་འབོད་སྐུལ་ཞུས་རྗེས། དུས་སྟོན་ཐོག་ས་གནས་འདྲ་མིན་ནས་ཕེབས་པའི་རིག་གཞུང་འཁྲབ་སྟོན་པ་རྣམས་དང་། མཐུན་འགྱུར་གོ་སྒྲིག་གནང་མཁན་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀངྒ་ར་རྫོང་གི་རྫོང་དཔོན་གཞོན་པ་ལྕམ་སྐུ་གན་དྷ་ཝ་ ར་ཐོར་ མཆོག་དང་། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་སོགས་ནས་གསུང་བཤད་གནང་བ་དང་། དེ་བཞིན་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་། ས་གནས་ཡུལ་མིའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་སོང་བ་བཅས། །