དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བཞུགས་སྒར་ཀིརྟིའི་བྱེས་པའི་གྲྭ་ཚང་དུ་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་དབུ་འཛུགས་གནང་ཡོད།

         དེ་ཡང་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ་དང་། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། མདོ་སྨད་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཡིས་གཙོས་རྒྱུན་ལས་རྣམ་པ། ས་གནས་ཁག་གི་མདོ་སྨད་ཆོལ་ཁའི་སྐུ་ཚབ་རྣམ་པ་སོགས་འདུ་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་། དེ་ནས་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་སྦྲགས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས།

        དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་མཆོག་ལ་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་ཕུལ་གྲུབ་མཚམས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་ལས་ཁང་གི་ཚོགས་གཙོ་ཡིས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཟབ་མོ་གནང་གྲུབ་མཚམས་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན།  གོང་དུ་མདོ་སྨད་ཆོལ་ཁའི་ཚོགས་གཙོ་དང་། ལྷག་པར་དུ་བཀའ་ཟུར་ ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་སོང་། བཀའ་ཟུར་ ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལྟ་བུར་མཚོན་ན་ང་ཚོའི་སྤྱི་ཚོགས་ནང་མི་རབས་རྒན་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནང་ཆོས་སྲིད་གང་གི་ཐོག་ལའང་ཐུགས་འགན་མང་པོ་བཞེས་མྱོང་ཡོད་པ་ཞིག་རེད། དེ་ཚོ་རླབས་ཆེན་གྱི་བྱ་གཞག་ཅིག་རེད་ལ། དེ་རིང་བཀའ་སློབ་ཟབ་ཅིང་རྒྱས་པ་ཕེབས་པར་སེམས་འགུལ་ཚད་མེད་ཐེབས་སོང། དེ་ཡིན་དུས་གཙོ་བོ་བཀའ་ཟུར་ ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཕེབས་པ་དེ་ཚོ་ང་ཚོ་ཚང་མས་སེམས་སུ་བཞག་སྟེ་ཉིན་རེའི་འཚོ་བའི་ནང་ལག་ལེན་བསྟར་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ཉག་ཕྲ་བའི་དུས་ཚོད་འདིའི་སྐབས་ང་ཚོ་ཚོགས་འདུ་འཚོགས་པ་ཡིན་ནའང་འདྲ། གང་ལྟར་བོད་ཀྱི་བསྟན་པ་ཆབ་སྲིད་གང་གི་ཐད་ལ་འགན་ཁུར་མཁན་གྱི་ཐོག་ནས་ཕྱག་ལས་གང་གནང་པ་ཡིན་ནའི་ལེགས་ཉེས་མང་པོ་ཞིག་ཡོང་བསྡད་ཡོད་པ་རེད། དེ་ཚོའི་ཐོག་གདོང་ལེན་བྱེད་ཕྱོགས་གང་འདྲ་དགོས་པ་དེའི་ཐོག་ལ་གོ་བསྡུར་བྱེད་པ། ཚོགས་འདུ་གཅིག་མ་འཚོགས་པ་མ་གཏོགས་གཙོ་བོ་འདིའི་ཐོག་དམིགས་ཡུལ་འཛིན་པའི་གནས་སྟངས་ལྟ་བུ་ཆགས་ཡོད། དེ་འདྲ་ཡིན་དུས་རྩ་བའི་ང་ཚོ་བོད་ས་ཤོར་བ་རེད། ༸སྐྱབས་མགོན་རིན་པོ་ཆེས་དབུ་འཁྲིད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་རེད། ཆོལ་ཁ་གསུམ་གྱི་མི་མང་པོ་ཞིག་བཙན་བྱོལ་ནང་ཕེབས་ཐུབ་ཡོད་པ་རེད། དེ་ཚོའི་ཐོག་ལ་ལེགས་པའི་ཆ་ཡིའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། ང་རང་ཚོ་བོད་པ་ཟེར་བ་དེ་དེང་གི་དུས་འདིར་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལས་ཚང་མས་ཧ་གོ་ཐུབ་པ། བོད་ཀྱི་ནང་ཆོས་དང་། རིག་གཞུང་དེ་ཚོའི་ཐོག་ལ་འཛམ་གླིང་སྟེང་གི་མི་རྣམ་དཔྱོད་ཅན་མང་པོ་ཞིག་གིས་དོ་སྣང་བྱེད་སའི་གཞི་ལྟ་བུ་ཞིག་ཆགས་ཡོད། དེ་ཚོའི་གྲས་བཟང་ཕྱོགས་ཀྱི་གྲུབ་འབྲས་ལ་ངོས་འཛིན་བྱེད་དགོས་རྒྱུའི་གནས་སྟངས་ཤིག་རེད། དེ་ཚོའི་ཐོག་ནས་ང་ཚོས་མུ་མཐུད་ནས་༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་སྐྱོང་བ་ཁག་རེད། རྒྱལ་སྤྱིའི་ཐོག་ལ་བོད་ཟེར་བ་དེ་ངོས་འཛིན་གང་འདྲ་གནང་གི་ཡོད་པ། དེ་ཚོའི་གྲས་བོད་ཀྱི་བདེན་པ་མ་གསལ་བར་ཟེར་ན་མི་འདུག གཞིས་བྱེས་མཉམ་འཛོམས་མ་ཡོང་བར་དུ་ང་ཚོས་མུ་མཐུད་རྒྱུ᪄་འཛིན་གནང་ཕྱོགས་གང་འདྲ་དགོས་འདུག དེ་ཚོའི་གྲས་ལ་ང་ཚོས་དགོངས་པ་བཞེས་དགོས་རྒྱུའི་གནས་ཚུལ་གཅིག་ཆགས་བསྡད་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོ་ཉེས་པའི་ཆ་ནས་བསམ་བློ་བཏང་བ་ཡིན་ན། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དང་། དེ་མཚུངས་རྒྱ་ནག་གཞུང་གི་སྲིིད་བྱུས་འཛིན་སྟངས་ཐོག་ནས་བལྟས་པ་ཡིན་ན། རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་མང་པོ་ཞིག་གིས་ཏང་གི་ཚོགས་ཆེན་ཐེངས་ ༡༩ པའི་རྗེས་ལ་རྒྱ་ནག་གཞུང་གི་འགོ་འཁྲིད་མཁན་མི་སྣ་དེ་ཚོ་གུ་ཡངས་ཀྱི་སྲིད་བྱུས་འཛིན་མཁན་ཡོང་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་འདྲའི་སྐབས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་རེ་བ་བརྒྱབ་ཆོག་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་རེད། ཡིན་ནའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་ད་ལྟ་བར་དུ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར། བོད་ཆོལ་ཁ་གསུམ། སྐྱིད་ན་མཉམ་སྐྱིད། སྡུག་ན་མཉམ་སྡུག་གི་གནས་སྟངས་ཐོག་ཚང་མས་སེམས་འཁུར་བྱེད་པ་ཙམ་མ་ཟད་དེ་ལྟར་གོམ་པ་མདུན་སྤོས་གནང་བཞིན་ཡོད། ཡིན་ནའང་ང་ཚོ་འཚམས་རེ་སྤྱི་ཚོགས་ནང་གནས་ཚུལ་འདྲ་མིན་འདྲ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་ཚོར་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཤིག་རེད། དེ་བཞིན་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཉེ་ཆར་འཇར་མན་གྲོང་ཁྱེར་ Frankfurt  ནང་ད་དུང་དགུང་ལོ་བཅོ་ལྔ་ཉི་ཤུ་བཞུགས་ཀྱི་རེད། དེའི་རིང་ལ་གཞིས་བྱེས་མཉམ་འཛོམས་ཡོང་གི་རེད་ཅེས་བཀའ་སློབ་བཟང་པོ་ཕེབས་པ་དེ་སེམས་ལ་བཞག་དགོས་པ་ཞིག་རེད།

          ཡིན་ནའང་ཉེས་པའི་ཆ་ཡི་གནས་སྟངས་ཐོག་ལ་ང་ཚོས་གདོང་ལེན་བྱེད་དགོས། གདོང་ལེན་བྱེད་ཟེར་དུས་གཅིག་གིས་གཅིག་ལ་འཁོན་འཛིན་བྱས་ནས་སེམས་མ་བདེ་བའི་ཐོག་ནས་གནས་ཚུལ་རྩད་གཅོད་བྱ་རྒྱུ་མིན་པར་ང་ཚོས་བཟང་ཕྱོགས་ཐོག་ནས་གདོང་ལེན་བྱ་རྒྱུ། གཅིག་གིས་གཅིག་ལ་བློ་ཉེ་པོ་བྱས་ནས་སོ་སོའི་རིག་གཞུང་རེད། དེ་བཞིན་སྐད་ཡིག དེ་ཚོའི་ཐོག་ལ་ཤུགས་ཆེན་པོའི་ངང་ནས་མཐོང་སྤྲད་རྒྱུ་དང་། དོ་སྣང་བྱས་ནས་རྒྱུ᪄་འཛིན་གནང་ཐུབ་པ་དགོས་རྒྱུ། དེ་ང་ཚོའི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཆགས་བསྡད་ཡོད་པ་རེད།  སྤྱིར་བཏང་མདོ་སྨད་ཆོལ་ཁ་ཟེར་ན་རིག་པའི་འབྱུང་གནས་ཀྱི་མཚན་བྱང་ཞིག་ཡོད་པ་རེད། དེ་བཞིན་སྔ་མ་མདོ་སྨད་ཆོལ་ཁའི་ཁོངས་ནས་མཁས་གྲུབ་བསམ་གྱི་མི་ཁྱབ་པ་དེ་འདྲ་བྱུང་ཡོད། ད་ལྟའི་ཆར་ཡང་བོད་ནང་དངོས་གནས་ཀྱི་མིག་དཔེ་འོས་པའི་མཁས་པ་ཆེན་པོ་བསམ་བློ་ཕུགས་རྒྱང་རིང་པོ་གཏོང་མཁན་དེ་འདྲ་རྣམ་དཔྱོད་ཅན་མང་པོ་ཞིག་ཐོན་འདུག ཕྱོགས་མཚུངས་བཙན་བྱོལ་སྤྱི་ཚོགས་ནང་ལའང་ཚད་འཛིན་ས་དེ་འདྲ་གང་ཙམ་ཐོན་ཡོད། དེ་འདྲའི་ཐོག་མདོ་སྨད་ཆོལ་ཁའི་ཁོངས་ནས་མ་འོངས་པའི་བུ་ཕྲུག་དེ་ཚོའི་གནས་སྟངས་ལ་བཀའ་ཟུར་་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གསུངས་པ་བཞིན། མི་རབས་རྒན་གཞོན་བར་རྒྱུན་མཐུད་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་ཤེས་ཡོན་ཐོག་ནས་རྒྱུན་ཤུགས་ཆེན་པོ་ཞིག་མཐུད་ཐུབ་པ་ཡིན་ན་འཛམ་གླིང་སྤྱི་ལ་ཕན་ཐོགས་པ་མ་ཟད་བོད་མི་རིགས་ལ་ཕན་ཐོགས་ཆེན་པོ་ཡོད་དུས་ཚོགས་བཅར་བ་ཡོངས་ནས་དེའི་ཐོག་གོ་བསྡུར་གནང་སྟེ་ད་ལྟའི་ཤེས་ཡོན་གནས་སྟངས་ག་པར་སླེབས་ཀྱི་འདུག མ་འོངས་པ་ང་ཚོས་ཤུགས་སྣོན་བརྒྱབ་ཏེ་ཇི་ལྟར་ཡར་རྒྱས་གཏོང་དགོས་ཀྱི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ག་ཚོད་རྙོབ་ཐུབ་ཐུབ་བྱེད་ཀྱི་ཡོད་པ་རེད། རིགས་གཅིག་རྙོབ་མ་ཐུབ་ས་དེ་འདྲ་ཡོང་སྲིད་ཀྱི་རེད། དེ་ཚོའི་ཐོག་ལ་དགོངས་པ་བཞེས་ནས་འབད་བརྩོན་ག་རེ་བྱེད་དགོས་ཀྱི་འདུག དེ་འདྲ་བྱེད་ཐུབ་ན་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་པ་མ་ཟད་ཐ་ན་ཁྱིམ་ཚང་ལའང་ཕན་ཐོགས་ཐུབ་མཁན་ཞིག་རང་བཞིན་གྱི་ཆགས་ཡོང་དུས། དེ་ཚོའི་ཐོག་ལ་ཏོག་ཙམ་དགོངས་པ་བཞེས་ཐུབ་ན་གལ་ཆེན་པོ་འདུག་ཅེས་ཞུ་འདོད་བྱུང་།

          དེ་བཞིན་ང་ཚོ་བོད་ཀྱི་ལེགས་བཤད་གཅིག་གི་ནང་། མང་པོ་གཅིག་ཏུ་བློ་མཐུན་ན།། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ།། ཅེས་གསལ་བ་བཞིན། མདོར་ན་ཆིག་སྒྲིལ་ཟེར་བའི་ཚིག་གཉིས་ཀྱི་ཐོག་ལ་སླེབས་ཀྱི་ཡོད་པ་རེད། ཆིག་སྒྲིལ་དགོས་པ་བཞིན་ནམ་རྒྱུན་ངག་ནས་དེ་ལྟར་འབོད་སྐུལ་ཞུ་བཞིན་ཡོད། འོན་ཀྱང་དངོས་སུ་བབ་ཡོང་དུས་ལག་བསྟར་བྱ་རྒྱུ་དེ། མཉམ་གནས་བྱེད་ཐུབ་པ་ཞིག་དང་། མཉམ་གནས་བྱེད་ཐུབ་པ་ཙམ་མ་ཟད་ནུས་པ་མཉམ་སྤུངས་བྱ་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་འདུག ང་ཚོས་ཆིག་སྒྲིལ་ཟེར་དུས་དེ་རྒྱ་ཆེ་ཆུང་གང་འདྲ་ཞིག་ལ་མཉམ་གནས་ཐུབ་རྒྱུའིནུས་པ་ག་ཚོད་ཡོད་མེད་བཤད་མི་ཤེས་ཀྱང་། ཡིན་ནའང་ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་ཁྱིམ་ཚང་གཅིག་གི་ནང་འཁུར་མཉམ་ལེན་བྱེད་ཐུབ་རྒྱུ་ཞིག་དང་། ནུས་པ་གཅིག་ཏུ་སྤུངས་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་པ་ཡིན་ན་ཁྱིམ་ཚང་དེ་ཡང་ཡ་རབས་བཟང་སྤྱོད་ཀྱི་ཁྱིམ་ཚང་ཞིག་ཟེར་ན་འགྲིག དེ་བཞིན་སྤྱི་ཚོགས་ནང་དེ་འདྲའི་དམིགས་ཡུལ་འཛིན་ནས་ལས་འགུལ་སྤེལ་ཐུབ་ན་སྤྱི་ཚོགས་དེ་རང་བཞིན་གྱི་ཚད་མཐོ་བ་ཆགས་རྒྱུ་དང་། རང་བཞིན་ཡིད་ཆེས་འཕེར་བ་ཆགས་རྒྱུའི་གནས་སྟངས་སླེབས་ཀྱི་ཡོད། དེ་གཙོ་བོ་སོ་སོའི་བསམ་བློའི་ནང་ནས་ཚུར་ཡོང་དགོས་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་མ་གཏོགས་ཕྱི་ལོག᫥་ནས་ཅ་ལག་ཉོས་པ་ནང་བཞིན་ཉོ་རྒྱུ་ཡོད་མ་རེད། དེ་འདྲའི་ཆིག་སྒྲིལ་ཟེར་དུས་བསམ་བློ་རྒྱ་ཆེན་པོ་གཏོང་མི་དགོས་པར། ང་ཚོ་བོད་རིགས་གྲངས་ཀ་རྩིས་པ་ཡིན་ན་ས་ཡ་དྲུག་རེད་། བཙན་བྱོལ་ལྟ་བུར་མཚོན་ན་མི་འབུམ་གཅིག་དང་ཁྲི་ལྔའི་གནས་སྟངས་ཤིག་རེད། དེ་ཡིན་དུས་ཆིག་སྒྲིལ་ཡོང་མི་ཐུབ་པའི་གནས་སྟངས་ཤིག་མ་རེད། གཙོ་བོ་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་རེད། དེ་འདྲའི་ཐོག་ནས་ང་ཚོས་མུ་མཐུད་ནས་དམ་འཛིན་བྱེད་ཐུབ་པ་མ་ཟད་འབད་བརྩོན་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་སེམས་པ་འཇོག་ས་ ༸གོང་ས་མཆོག་དང་། ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ་དང་། ཁོང་རྣམ་པའི་མཛད་པ་འཕྲིན་ལས་ཆགས་ཡོད་དུས་བོད་ཕྱི་ནང་གཉིས་རང་བཞིན་གྱི་སེམས་ཐག་ཉེ་པོ་ཞིག་ཆགས་ཀྱི་ཡོད། དེ་ཡིན་དུས་མ་འོངས་པར་དེ་མུ་མཐུད་ནས་ཡོད་རེད་མ་རེད་ཟེར་བ་དེ་དྲི་བ་ཞིག་ཆགས་ཀྱི་ཡོད། དེ་འདྲའི་གནས་སྟངས་སླེབས་ཡོང་དུས་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཡིན་ནའང་འདྲ། བཙན་བྱོལ་བོད་མི་ཡིན་ནའང་འདྲ། དེ་ཚོའི་གྲས་བོད་ཕྱི་ནང་གཉིས་ཀྱི་སེམས་པ་འཇོག་ས་ཞིག་བཟོ་ཐུབ་པ་དགོས་རྒྱུའི་ལས་འགན་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག དེ་འདྲ་ཞིག་ལ་འཐུས་ཤོར་ཕྱིན་པ་ཡིན་ན། དཔེར་ན་གཞིས་བྱེས་ཁ་བྲལ་ཤུགས་ཆེ་རུ་འགྲོ་བའི་ཉེན་ཁ་ཡོད་པ་དང་། དེང་སང་བརྒྱུད་ལམ་ཁག་ནང་གནས་ཚུལ་རིགས་ཅིག་གང་བྱུང་མ་བྱུང་སྤེལ་གྱི་འདུག འགན་གཅིག་ཀྱང་མ་འཁུར་བའི་སྐད་ཆ་གང་བྱུང་མ་བྱུང་བཤད་ཡོད་དུས། རིགས་གཅིག་དེ་གང་འདྲ་ཡིན་བསམ་པའི་དོགས་པ་དང་། ཐེ་ཚོམ་ཆེ་རུ་འགྲོ་ནས་ཉི་མ་གཅིག་ང་ཚོའི་བོད་པའི་དཔེར་ཡོོད་པ་བཞིན། རི་ལུག་པ་ཐག་པས་མི་འདུམ། ཟེར་བའི་གནས་སྟངས་སླེབས་པ་ཡིན་ན་ང་ཚོས་ཁ་གསབ་བྱ་མི་ཐུབ། དེ་ཚོའི་གྲས་ང་ཚོ་ད་ལྟ་ནས་བླ་མ་སྤྲུལ་སྐུ་ཡིན་ནའང་འདྲ། བོད་ཆོལ་ཁ་གསུམ་གྱི་འགན་ཁུར་མཁན་གྱི་མི་སྣ་ཡིན་ནའང་འདྲ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་བ་ཡོངས་ནས་གང་ལྟར་མཉམ་རུབ་ཐོག་ནས་ཡིད་ཆེས་འཕེར་བ་ཞིག་དང་། མ་འོངས་པ་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་སེམས་པ་འཇོག་ས་གལ་ཆེན་པོ་བརྩི་ཡག་དེ་འདྲ་བཟོ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོོད་བྱུང་།

         དེ་མཚུངས་དེ་རིང་གླིང་ཚ་ཚེ་བརྟན་རྡོ་རྗེ་མཆོག་ལ་ཞི་བའི་འཐབ་རྩོད་ཀྱི་གཟེངས་རྟགས་ཕུལ་རྒྱུའི་གོ་སྐབས་བྱུང་སོང་། རྩ་བའི་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་དེ་སྔོན་ཁོང་གི་སྲིང་མོས་ཁོང་གི་སྐུ་ཟླ་དང་། ཕྲུ་གུ་འཁྲིད་ནས་ཐུག་རྒྱུའི་གོ་སྐབས་བྱུང་སོང་། ཉེ་ཆར་ཁོང་གིས་བརྩམས་པའི་དེབ་དེ་འདྲ་དབུ་འབྱེད་བྱ་རྒྱུའི་གོ་སྐབས་བྱུང། བྱས་ཙང་ཁོང་གི་ནང་མི་ཡོངས་ལ་ངས་ཁོང་གིས་མཛད་རྗེས་ལ་བསྔགས་བརྗོད་ཞུ་རྒྱུ་དང་། ནང་མི་ལྷན་རྒྱས་ལ་སྐབས་རེ་སེམས་ངལ་ཡོང་དུས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཁོང་གི་དམིགས་ཡུལ་གྲུབ་པའི་རེ་བ་སྨོན་ལམ་དང་། དེ་བཞིན་མདོ་སྨད་ཆོལ་ཁའི་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོ་དོན་ཚན་བདུན་ཙམ་ཡོད་པ་མ་ཟད་སྤྱི་སྨན་དགོངས་འཆར་གྱི་ལས་རིམ་འདུག དེ་ཚོའི་ཐོག་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་རེ་རེ་བཞིན་བཀའ་སློབ་ལམ་སྟོན་ཕེབས་སོང་། དེ་ཡིན་དུས་དེ་ཚོའི་གྲས་གལ་ཆེན་པོར་རྩིས་ནས་གོ་བསྡུར་དང་། ལས་དོན་དེ་དག་ཁ་གསལ་པོའི་ངང་ཐག་གཅོད་ཡང་དག་པའམ་སྤྱི་སྨན་ཡོང་ཐུབ་པའི་སྨོན་ལམ་ཞུ་རྒྱུ་དང་། ཚང་མ་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞེས་གསུངས།  དེ་རྗེས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་ནས་ཐུགས་རྗེ་ཆེ་གསུང་བཤད་གནང་གྲུབ་མཚམས་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་བཅས་ཀྱི་གནས་ཚུལ་དུ།།