དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཀ་ནིག་ཀྲི་ཀཊ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་བོད་ཀྱི་དུས་སྟོན་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༣ ནས་ ༢༦ བར་ཉིན་བཞིའི་རིང་ཀ་ནིག་ཀྲི་ཀཊ་བོད་རིགས་སྤྱི་མཐུན་ཚོགས་པས་དེ་གའི་མངའ་སྡེའི་ནང་བོད་དོན་ཁྱབ་བསྒྲགས་དང་། རིག་གཞུང་ངོ་སྤྲོད་སོགས་ལ་དམིགས་ཏེ་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ཕྱི་ཚེས་ ༢༦ བོད་ཀྱི་དུས་སྟོན་ཉིན་མཐའ་མའི་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

སྐབས་དེར་ཀ་ནིག་ཀྲི་ཀཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་གཙོས་པའི་རྒྱུན་ལས་དང་། ས་གནས་བོད་རིགས་རྣམ་པས་དཔལ་ལྡན་ཚོགས་གཙོ་མཆོག་ལ་སྣེ་ལེན་གཟབ་རྒྱས་ཞུས་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་དང་། མི་མང་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་རེས་རྒྱལ་ས་ཝ་ཤིང་ཊོན་ལ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་ཚོགས་འདུ་དེ་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ (Senate Dirksen Building, Capitol Hill) ནང་ཚོགས་ཐུབ་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་ཕེབས་པ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཕེབས་ཏེ་གསུང་བཤད་གནང་བ། བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་གྷེར་ (Richard Gere) ལགས་སོགས་ཕེབས་ཏེ་གསུང་བཤད་གནང་བ་སོགས་ཚོགས་འདུ་དེ་བཞིན་གྲུབ་འབྲས་ལྡན་པ་བྱུང་སྐོར་དང་། དེ་རིང་རྣམ་པ་ཚོ་བརྒྱུད་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྩ་བའི་ཨ་རིའི་ནང་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཐོག་ཧ་ཅང་གི་ཚད་མཐོན་པོར་སླེབས་བསྡད་ཡོད་པ་རེད། མ་འོངས་པར་ཨ་རིའི་ནང་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཐོག་མཇུག་སྐྱོང་གནང་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་འདུག ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ཐོག་ལ་སྲིད་བྱུས་དང་། ཁྲིམས་འཆར་གཏན་འབེབས་གནང་བ་གཞིར་བཟུང་། ཨ་རིའི་ངོས་ནས་ཆབ་སྲིད་ཐོག་བོད་ལ་ཇི་ཙམ་གྱིས་རྒྱབ་སྐྱོར་གནང་བ་དེ་ཙམ་གྱིས་རྒྱལ་སྤྱིའི་ཐོག་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་གསལ་པོ་ཞེ་དྲག་རེད་འདུག

ནམ་རྒྱུན་ང་ཚོས་ཁོར་ཡུག་ཐོག་ལ་བོད་ནི་འཛམ་གླིང་གི་མཐོ་སྒང་ཡིན་ཞེས་བཤད་པ་གཞིར་བཟུང་། ཆབ་སྲིད་ཐོག་ནས་བལྟས་པ་ཡིན་ན། ཨ་རི་དེ་མཐོ་སྒང་ལྟ་བུ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ཨ་རིའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་ག་པར་འགྲོ་བ་ཡིན་ནའང་། འཛམ་གླིང་མང་གཙོའི་རྒྱལ་ཁབ་མང་བ་ཞིག་དེའི་ཕྱོགས་ལ་འགྲོ་ཡི་ཡོད་པ་གསལ་པོ་ཞེ་དྲག་རེད་འདུག ད་རེས་ཀྱི་ཚོགས་ཆེན་ཐོག་དངོས་སུ་མཉམ་ཞུགས་གནང་མཁན་རྒྱལ་ཁབ་ ༡༧ དང་། བརྙན་འཕྲིན་བརྒྱུད་རྒྱལ་ཁབ་ཁག་ཅིག་ནས་མཉམ་ཞུགས་བཅས་ཁྱོན་རྒྱལ་ཁབ་ ༢༨ ནས་མཉམ་ཞུགས་དང་། དེ་ཡང་མང་བ་དེ་ལྷོ་ཨ་མི་རི་ཀའི་ཁུལ་ནས་མཉམ་ཞུགས་གནང་བ་མ་ཟད། བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་། ཚོགས་ཆེན་ཉིན་མཐའ་མའི་སྐབས་ལྷོ་ཨ་མི་རི་ཀའི་ཁུལ་གྱི་གྲོས་ཚོགས་འཐུས་མི་རྣམ་པས་ཟུར་དུ་བོད་དོན་ཐོག་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་སོགས་ཧ་ཅང་གི་དོ་སྣང་ཤུགས་ཆེན་པོ་གནང་སོང་། ང་ཚོས་སྙོབ་མ་ཐུབ་སའི་ས་ཆ་ལྷོ་ཨ་མི་རི་ཀ་དང་། དཀྱིལ་ཤར་ཡུ་རོབ། ཨ་ཕི་རི་ཀ་བཅས་ཀྱི་ནང་བོད་དོན་གོ་རྟོགས་སྤེལ་རྒྱུའི་སྡིངས་ཆ་བསྐྲུན་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ཉེ་ཆར་༸སྐྱབས་མགོན་རིིན་པོ་ཆེས་བཀའ་སློབ་ཅིག་ཕེབས་དོན་ལ། ང་ཚོའི་དཀའ་ལས་ཁག་ཤོས་ཀྱི་དུས་ཚོད་དེ་ཡོལ་ཟིན་པ་རེད་དཱ། ད་ལྟ་ང་ཚོར་རེ་བ་དང་གོ་སྐབས་གསར་པ་ཞིག་འདུག་ཅེས་གསུངས་ཡོད་རེད། དེ་ཡིན་དུས་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཀྱི་གནས་སྟངས་ལ་བལྟས་ཡོང་དུས། ཏན་ཏན་ང་ཚོར་རེ་བ་དང་། གོ་སྐབས་གསར་པ་ཞིག་ཡོད་པའི་གནས་སྟངས་ཤིག་ཡོང་གི་འདུག བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་དང་། གྲོས་ཚོགས་ནས་ཕྱག་ལས་གནང་དང་གནང་མུས་རེད། དེར་མང་ཚོགས་ནས་རྒྱབ་སྐྱོར་གནང་དགོས་པ་གལ་ཆེན་པོ་ཆགས་ཡོང་དུས། རྣམ་པ་ཚོའི་ངོས་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ཐོག་ལ་འགན་ཁུར་བཞེས་ཐུབ་དགོས་པ་དང་། ནུས་པ་མཉམ་སྤུངས་གནང་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།


ད་རེས་རྣམ་པ་ཚོས་བོད་ཀྱི་རིག་གཞུང་དུས་སྟོན་ཞིག་འཚོགས་ཀྱི་ཡོད་རེད། དེ་ཧ་ལས་པའི་གལ་ཆེན་པོ་རེད་འདུག ཨ་རིའི་ནང་བོད་རིགས་ཚོགས་པ་སུམ་ཅུ་སོ་ལྔ་ཙམ་འདུག ད་རེས་ཀ་ནིག་ཀྲི་ཀཊ་བོད་རིགས་ཚོགས་པས་དངོས་སུ་བོད་ཀྱི་དུས་སྟོན་གོ་སྒྲིག་ཞུས་པའི་ཐོག་ཕྱི་ནས་སྐུ་མགྲོན་ཁག་དང་། ཨ་རིའི་གྲོང་ཁྱེར་གཞན་ནང་གནས་སྡོད་བྱེད་མཁན་བོད་རིགས་རྣམས་ཕེབས་པའི་སྐབས་འདིར་བོད་ཀྱི་རིག་གཞུང་དང་གཞས་སྣ་འཁྲབ་སྟོན་གནང་བ་དེས་བོད་པའི་མི་རབས་གཞོན་པ་རྣམས་ལ་སྤྲོ་བ་སླེབས་ཐུབ་པ། དེས་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཡོད་མཁན་ཆགས་ཐུབ་ཀྱི་རེད། ༸སྐྱབས་མགོན་རིན་པོ་ཆེས་ཁ་སང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་ལ་བཀའ་སློབ་གནང་དོན་ཞིག་ལ། བོད་ཟེར་བ་དེ་ཆབ་སྲིད་གཅིག་པུའི་སྐད་ཆ་མ་རེད། རིག་གཞུང་རེད། རིག་གཞུང་དེ་ཡང་ཕྱུག་པོ་ཡོད་པ། དེའི་ཐོག་ནས་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོད་པ་ཆགས་བསྡད་ཀྱི་འདུག དེའི་ཐོག་ཚོགས་བཅར་བ་ཚང་མས་ཐུགས་སྣང་དང་། འགན་ཁུར་ཞུ་ཐུབ་ན་ཡག་པོ་འདུག་ཅེས་བཀའ་སློབ་ཕེབས་གནང་སོང་། དེ་ལྟར་ང་ཚོའི་རིག་གཞུང་དེ་ཧ་ཅང་གི་ཕྱུག་པོ་ཡིན་པ་དང་། ང་ཚོའི་ངོས་ནས་གཅེས་འཛིན་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཡིན་པ། སོ་སོའི་ངོས་ནས་རིག་གཞུང་ལ་དོ་སྣང་དང་། བུ་ཕྲུག་རྣམས་སྤྲོ་བ་སླེབས་ཐུབ་ཐབས་གནང་དགོས་པ་གལ་ཆེན་པོ་རེད་འདུག

རྒྱལ་ཁབ་གཅིག་ལ་གཙོ་བོ་གསུམ་ཚང་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་བཅས་གསུམ་རེད། ཆབ་སྲིད་ཐོག་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་ཕྱག་ལས་གནང་དང་གནང་མུས་ཡིན་པ་དང་། རྣམ་པ་ཚོ་ཚང་མས་ཐུགས་སྣང་གནང་གི་ཡོད་རེད། ད་ལྟའི་ཆར་བོད་དེ་རྒྱལ་སྤྱིའི་ཐོག་དོ་སྣང་གནང་ས་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། དེ་ང་ཚོས་མུ་མཐུད་ནས་རྒྱུན་བསྐྱོངས་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།

དཔལ་འབྱོར་ཐོག་ནས་ཞུས་པ་ཡིན་ན། ཨ་རིའི་ནང་བཞུགས་མཁན་དེ་ཚོ་དཔལ་འབྱོར་གྱིས་གནས་བབ་ཡག་པོ་ཆགས་བསྡད་ཡོད་རེད་བསམ་གྱི་འདུག དེའི་ཐོག་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད། ༸གོང་ས་མཆོག་གིས་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་བོད་མི་ (Millionaire) དང་། (Billionaire) ཆགས་ཐུབ་རྒྱུའི་ཐོག་འབད་བརྩོན་གནང་དགོས་རེད་ཅེས་གསུང་གི་ཡོད་རེད། དེའི་ཐོག་འབད་བརྩོན་གནང་སྟེ་དཔལ་འབྱོར་གསོག་ཐུབ་དགོས་པ་དང་། འགྲོ་སོང་ཡང་དོན་དང་ལྡན་པ་ཞིག་གཏོང་ཐུབ་དགོས་པ། དཔལ་འབྱོར་གྱི་ཐོག་ནས་ནུས་པ་མཉམ་སྤུངས་གནང་དགོས་པ་གལ་ཆེན་པོ་རེད། མང་ཚོགས་ཀྱིས་དང་བླངས་དཔྱ་ཁྲལ་ཕུལ་བ་དེས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སོང་བརྒྱ་ཆ་བརྒྱད་ཙམ་མ་གཏོགས་ཆགས་ཀྱི་ཡོད་མ་རེད། དེ་འབུལ་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། རྣམ་པ་ཚོས་ལོ་ལྟར་ཆད་ལུས་མེད་པར་འབུལ་ཐུབ་དགོས་པ། བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སོང་ཕལ་ཆེ་བ་བོད་ཀྱི་རིག་གཞུང་དང་། སྐད་ཡིག ཆོས། ཆབ་སྲིད་སོགས་ལ་གཏོང་གི་ཡོད་རེད། ཆུད་ཟོས་རྩ་བ་ནས་འགྲོ་ཡི་ཡོད་མ་རེད། དཔྱ་ཁྲལ་འབུལ་རྒྱུ་དེ་བཅའ་ཁྲིམས་ནས་བསྐུར་བའི་བོད་མིའི་ལས་འགན་ཞིག་ཆགས་བསྡད་ཡོད་དུས། དེའི་ཐོག་རྣམ་པ་ཚོས་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། རྩ་བའི་བོད་ཟེར་བ་དེ་རྒྱ་ནག་གི་བཙན་བཟུང་འོག་ལ་གནས་བསྡད་ཡོད་རེད། ང་ཚོ་ད་ཆ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད་དེ། གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བཅས་ལ་བརྟེན་ནས། བོད་ཀྱི་ཆོས་དང་། རིག་གཞུང་སོགས་གཅེས་འཛིན་ཐོག་འབུར་དུ་ཐོན་པ་ཆགས་བསྡད་ཡོད་རེད་ཅེས་སོགས་གསུངས་གནང་ཡོད་པ་བཅས། །