དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱ་གར་དབུས་གྲོས་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ཞིག་གི་ཚོགས་མི་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ།

༄༅། ། ཉེ་ཆར་རྒྱ་གར་གྲོས་ཚོགས་འཐུས་མིའི་རྒྱུན་ལས་ཚོགས་ཆུང་ (Standing Committee on Energy) གི་ཚོགས་མི་བྷི་ཧར་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ རན་ཅན་ སིངྒ་ (Shri. Rajiv Ranjan Singh, Lok Sabha Member from Bihar) མཆོག་དང་། པན་ཇབ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་གྷུར་ཇི་ཏི་ སིངྒ་ ཨུ་ཇ་ལ་ (Shri. Gurjeet Singh Aujla, Lok Sabha Member from Punjab) མཆོག ཨན་དྷ་ར་པར་ཏི་ཤ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཅན་དྷར་ ཤི་ཀར་ བྷེ་ལན་ (Shri. Chandra Sekhar Bellan, Lok Sabha Member from AP) མཆོག ཡུ་པི་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧ་རི་ཤ་ ཌི་ཝཡེ་ཝི་ཌི་ (Shri. Harish Dwivedi, Lok Sabha Member from UP) མཆོག ཏ་མིལ་ནཱ་དུ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨེ་སི་ གྷ་ནཱ་ཏི་རབ་ཝེམ་ (Shri. S Gnanathiraviam, Lok Sabha Member from Tamilnadu) མཆོག མ་ཧ་ར་ཤི་ཊ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སན་ཇེ་ ཧ་རེ་བྷའོ་ ཇ་དེབ་ (Shri. Sanjay Haribhau Jadhav, Lok Sabha Member from Maharashtra) མཆོག ཡུ་པི་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེ་ པར་ཀེ་ཤི་ (Shri. Jai Prakash, Lok Sabha Member from UP) ཧི་མ་ཅཱལ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ ཀུ་མར་ (Shri. Kishan Kapoor, Lok Sabha Member from HP) མཆོག ནུབ་བྷེང་གྷལ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་ནིལ་ ཀུ་མར་ མོན་ཌ་ (Shri. Sunil Kumar Mondal, Lok Sabha Member from West Bengal) མཆོག གྷུ་ཇུ་ར་ཏ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌིབ་སིང་ ཤན་ཀར་སིང་ ར་ཐོཌ་ (Shri. Dipsinh Shankarsinh Rathod, Lok Sabha Member from Gujarat) མཆོག ཨ་སམ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ཇིཏ་ ཀུ་མར་ བྷུ་ཡན་ (Shri. Ajit Kumar Bhuyan, Rajya Sabha Member from Assam) མཆོག ར་ཇ་སི་ཐན་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ར་ཇིན་དྷར་ གྷི་ལོ་ཊ་ (Shri. Rajendra Gehlot, Rajya Sabha Member from Rajasthan) མཆོག ཡུ་པི་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སན་ཇེ་ སི་ཏི་ (Shri. Sanjay Seth, Rajya Sabha Member from UP) མཆོག་བཅས་དང་། ལས་བྱེད་ཁག་ཅིག་བཅས་ཧི་མ་ཅཱལ་མངའ་སྡེའི་ནང་ལས་དོན་ཆེད་ཕེབས་པ་དང་བསྟུན། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༢ ཉིན་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་མང་ཆེ་བ་དང་། རྒྱ་གར་དབུས་དང་། མངའ་སྡེའི་ལས་བྱེེད་ཁག་ཅིག་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཁོང་རྣམས་གྲོས་ཚོགས་སུ་ཕེབས་པར་འཚམས་འདྲི་དང་སྦྲགས་གསུང་དོན། ཕྱི་ལོ་ ༡༩༥༩ ལོར་བོད་རང་བཙན་ཤོར་བ་ནས་བཟུང་ད་བར་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་ང་ཚོ་རྒྱ་གར་ནང་བཙན་བྱོལ་ལ་གནས་བསྡད་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་གཞུང་ནས་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་སྲུང་བྱ་གནང་རྒྱུས་མཚོན་པའི་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། ད་ལྟའི་ཆར་བོད་ཀྱི་བདེན་པའི་འཐབ་རྩོད་རེད། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་རྒྱལ་སྤྱིའི་ནང་ངོས་འཛིན་ཐུབ་པ་ཆགས་བསྡད་པ་དེ་ཡང་གཙོ་བོ་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས་བྱུང་བ་ཡིན་དུས། རྒྱ་གར་གཞུང་མང་གཉིས་ནི་ང་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པར་མ་ཟད། རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད།

རྩ་བའི་བོད་ནང་ཡོད་དུས་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་གི་ཆབ་སྲིད་ཀྱི་འགྲོ་ལུགས་དེ་བཞིན་མང་གཙོའི་ལམ་ལུགས་ཐོག་ཕེབས་རྒྱུའི་དགོངས་པ་བཞེས་གནང་ཡོད་ཀྱང་། རྒྱ་དམར་གཞུང་གིས་སྲིད་བྱུས་ཀྱི་ཐོག་ནས་ལམ་ལྷོངས་མ་བྱུང་བར་བརྟེན། བཙན་བྱོལ་ནང་ཕེབས་འབྱོར་བྱུང་མ་ཐག ༧གོང་ས་མཆོག་གིས་ཕྱི་ལོ་ ༡༩༦༠ ལོར་མི་མང་ལ་མང་གཙོ་གསོལ་སྩལ་གནང་བ་དང་། དེ་ནས་རིམ་བཞིན་ཚད་དང་ལྡན་པའི་མང་གཙོའི་ལམ་ལུགས་ཡོང་རྒྱུར་བཅོས་བསྒྱུར་རིམ་པ་གནང་སྟེ། ད་ལྟའི་ཆར་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་བཅས་ཚད་དང་ལྡན་པའི་རྒྱལ་སྤྱིའི་མང་གཙོའི་འགྲོ་སྟངས་དང་མཐུན་པའི་ཐོག་ཤར་བསྐྱོད་གནང་ཐུབ་ཀྱི་ཡོད་རེད་ཅེས་དང་།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། གྲོས་ཚོགས་ནང་སྲིད་དོན་ཚོགས་པ་མེད་པ་དང་། གྲོས་ཚོགས་ནས་སྔོན་རྩིས་བཀའ་འཁྲོལ་དང་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་ལ་སྟངས་འཛིན་གནང་བཞིན་ཡོད་པ་སོགས་གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་དང་། བདུན་ཕྲག་རེ་ལ་རྒྱུན་ལས་ལྷན་ཚོགས་ཐེངས་གཉིས་རེ་འཚོགས་ཀྱི་ཡོད་པ། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་རྒྱུ་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་བཙལ་རྒྱུ་ཡིན་པ། དེ་བཞིན་བོད་ཀྱི་ཁོར་ཡུག་ཐོག་ལས་འགུལ་སྤེལ་རྒྱུ་དང་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་ཆེད་དུ་ལས་དོན་བརྩམས་དང་རྩོམ་བཞིན་ཡོད་པ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་སོང་།

དེ་ནས་ཧི་མ་ཅཱལ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀུ་མར་ (Shri. Kishan Kapoor, Lok Sabha Member from HP) མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། རྒྱ་གར་གྲོས་ཚོགས་འཐུས་མི་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པའི་དབར་མཇལ་འཕྲད་གནང་ཐུབ་པར་བསྔགས་བརྗོད་དང་སྦྲགས། རྒྱ་གར་དང་། བོད་མིའི་སྤྱི་ཚོགས་གཉིས་དབར་གྱི་ལོ་མང་རིང་གི་མཛའ་མཐུན་གྱི་འབྲེལ་བ་མུ་མཐུད་གནས་བཞིན་ཡོད་པ་དེ་ནི་འཛམ་གླིང་རྒྱལ་ཁབ་གཞན་གྱིས་མིག་དཔེ་བལྟ་འོས་པ་ཞིག་རེད་ཅེས་དང་།

དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རིགས་ཡོངས་ལ་བདེ་སྐྱིད་ཡོང་ཐབས་དང་། འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཀྱི་ཐུགས་འགན་བཞེས་བཞིན་ཡོད་སྟབས། རྒྱ་གར་གཞུང་ནས་མགོན་པོ་གང་ཉིད་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ (Bharat Ratna) འབུལ་དགོས་པའི་སྐོར་དང་། དེ་བཞིན་རྒྱ་དཀར་ནག་གཉིས་དབར་བྱུང་དང་འབྱུང་བཞིན་པའི་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་སླད་བོད་ཀྱི་གནད་དོན་སེལ་ཐབས་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་། མཐར་སྐུ་ཞབས་ཁོང་གིས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཞུས་གནང་བ་དང་།

དེ་ནས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པའི་དབར་བོད་དོན་ཐོག་བཀའ་བསྡུར་ལྷུགས་པོ་གནང་བ་དང་། སྐབས་དེར་ཁོང་རྣམས་དགྱེས་ཚོར་ཆེན་པོའི་ཐོག་བོད་དོན་དང་། བོད་མིའི་སྒྲིག་འཛུགས་བཅས་ལ་ཐུགས་སྣང་ཧ་ཅང་ཆེན་པོ་གནང་སོང་། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་ཕེབས་གནང་ཡོད་པ་བཅས། །

Menu