དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཨི་མེ་ནོལ་ མེག་རོན་མཆོག་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཕ་རན་སིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ཨི་མེ་ནོལ་ མེག་རོན་ (Emmanuel Macron) མཆོག་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་སླར་ཡང་ཕ་རན་སི་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དེས། སྐུ་ཉིད་ཀྱི་དབུ་འཁྲིད་དང་། ཕྱག་ལས་གནང་ཕྱོགས་ཐད་ཕ་རན་སིའི་མི་མང་ནས་ཡིད་ཆེས་ཆེན་པོ་ཡོད་པ་མཚོན་ཐུབ། སྐུ་ཉིད་ནས་མུ་མཐུད་རྒྱལ་སྤྱིའི་ནང་མང་གཙོ་སྲ་བརྟན་དང་། འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུའི་རེ་བ་ཞུ་བཞིན་ཡོད། བོད་ལྟ་བུར་ཆ་མཚོན་ན། རྒྱ་ནག་དམར་གཞུང་གི་བཙན་འོག་ཏུ་མུ་མཐུད་གནས་ཡོད་པ་མ་ཟད། བོད་ནང་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། དེ་བཞིན་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྒྱ་དམར་གཞུང་གིས་རྡོག་རོལ་བཏང་དང་གཏོང་བཞིན་ཡོད།

ཕྱི་ལོ་ ༢༠༡༦ ལོར་སྐུ་ཉིད་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བར་བརྟེན། སྐུ་ཉིད་ནས་བོད་ནང་གི་གནས་སྟངས་མཁྱེན་རྟོགས་ཡོད་ངེས་རེད། དེ་བཞིན་ཁྱེད་ཀྱི་དབུ་ཁྲིད་འོག་ཕ་རན་སི་རྒྱལ་ཁབ་ནང་གནས་པའི་བོད་རིགས་རྣམས་ལ་ད་བར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་མུ་མཐུད་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་འཁོད་གནང་འདུག་པ་བཅས།

Menu