དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།


༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༨ ཉིན་བཞུགས་སྒར་རྡ་སར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་ཚོགས་གནང་སོང་།

ཚོགས་འདུའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་ཅིག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། རྒྱ་གར་རྒྱལ་ཡོངས་ཚོང་པ་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་བཅས་ཚང་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་ལྟ་འདིར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་རྒྱུན་ལས་རྣམ་པས་ཐུགས་ཁུར་ཆེར་བཞེས་ཀྱི་ཐོག་ནས་རྡ་སར་འགན་འཛིན་ལྷན་ཚོགས་འཚོགས་པ་དང་། དེ་བརྒྱུད་ནས་མཛད་སྒོ་སྟབས་བདེ་ཞིག་སྲུང་བརྩི་གནང་རྒྱུའི་ཐོག་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཚོ་བོད་མིའི་གནས་སྟངས་ཐོག་ལ་བསམ་བློ་བཏང་བ་ཡིན་ན། ཐོག་མར་ང་ཚོ་བཙན་བྱོལ་ལ་འབྱོར་བའི་སྐབས་སུ་ངོ་ཤེས་པ་ས་དང་། གནམ་མ་གཏོགས་མེད་པ་དང་། དམིགས་བསལ་དེ་འདྲའི་སྒྲིག་འཛུགས་འཛུགས་རྒྱུས་མཚོན་པའི་སོ་སོ་སྒེར་གྱིས་ཚོང་ལས་གཉེར་རྒྱུ་དེ་བས་ཀྱང་ཧ་ཅང་ཁག་པོ་ཆགས་བསྡད་ཡོད་རེད། དེའི་རྗེས་ལ་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་དུ་བསྐྱོད་ཐུབ་པ་བྱུང་ནས་རྒྱལ་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་གིས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་བློ་གཏད་བྱ་ས་འདྲ་པོ་ཆགས་བསྡད་ཡོད་རེད། དེ་ཚོ་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་དང་། མཛད་འཕྲིན། ཁོང་གི་བཀའ་སློབ་ལམ་སྟོན་འོག་ལ་ཤར་བསྐྱོད་བྱས་པའི་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་ང་ཚོ་བཙན་བྱོལ་ལ་འབྱོར་བའི་བོད་མི་ཡོངས་ནས་གང་ཡོང་ཅི་ཡོང་གིས་སོ་སོའི་རྣམ་དཔྱོད་བཏོན་ཏེ། འབད་བརྩོན་བྱས་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་དང་། དེ་བཞིན་སོ་སོ་དང་འབྲེལ་བའི་ཚོགས་པ་སྐྱིད་སྡུག་ལ་ཕྱར་གྲུ་མཉམ་འདེགས་བྱས་པ་བཅས་ཀྱི་རྗེས་འབྲེལ་ཐོག་ནས་དེ་རིང་ང་ཚོ་རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པའི་ཚོགས་པ་འདིའི་ཐོག་ནས་རྒྱ་གར་ས་གནས་ཁག་མང་པོའི་ནང་ཚོང་གཉེར་བྱེད་ཐུབ་པ་དེ་ཧ་ཅང་གི་ཡག་པོ་རེད་བསམ་གྱི་འདུག ང་ཚོ་བཙན་བྱོལ་སྒྲིག་འཛུགས་ནས་རང་ཁ་རང་གསོའི་དམིགས་ཡུལ་ཞིག་འཛིན་བཞིན་ཡོད་རེད། དེ་བཞིན་མི་མང་ནང་ནས་ཀྱང་རང་ཁ་རང་གསོའི་དམིགས་ཡུལ་ཙམ་མ་གཏོགས་པས། དེ་ལས་བརྒལ་བའི་དམིགས་ཡུལ་རྒྱ་ཆེན་པོ་ཟིན་མཁན་ཁག་པོ་རེད་འདུག ད་ལྟ་བར་དུ་དེ་འདྲའི་ལས་འཆར་ཡོད་མཁན་དང་། མ་འཇོག་ཆེན་པོ་གནང་མཁན་དེ་འདྲ་གོ་ཐོས་མ་བྱུང་། སྔོན་མ་༧གོང་ས་མཆོག་ནས་ཨ་རིར་ཐེངས་ཤིག་བཀའ་སློབ་གནང་བའི་ནང་། བོད་མིའི་ནང་ནས་ (Millionaire) དེ་འདྲ་ཐོན་དགོས་ཀྱི་རེད་ཅེས་བཀའ་སློབ་ཕེབས་ཡོད་རེད། ཡིན་ནའང་ང་ཚོའི་གནས་བབ་ཅིག་གི་ཐོག་ད་ལྟའི་དུས་ཚོད་ལ་ཁག་པོ་རེད་འདུག མ་འོངས་པར་ཡོང་མ་སྲིད་པ་མ་རེད། དེ་འདྲའི་ཐོག་ལ་ང་རང་ཚོས་ལམ་སྟོན་དང་། འགན་ཁུར་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

དེ་བཞིན་ང་ལ་ཚོང་ལས་དང་འབྲེལ་བའི་ཉམས་མྱོང་ཞེ་དྲག་ཡོད་མ་རེད། དེ་ཡིན་དུས། རྣམ་པ་ཚོར་ཉམས་མྱོང་མང་བ་ཡོད་རེད། ཚོང་ལས་ལ་ཏན་ཏན་གྱིས་དཀའ་ངལ་ཆེན་པོ་ཡོད་རེད། རྒྱ་གར་རྒྱལ་ཡོངས་ཀྱི་ཁྲོམ་སའི་གནས་སྟངས་རེད། དེ་བཞིན་ལུ་དྷི་ཡ་ན་ནས་ཐོན་པའི་ཚོང་ཟོག་འབྱོར་མ་འབྱོར་མཚོན་པའི་དཀའ་ངལ་མང་པོ་ཞིག་ཡོད་རེད། དེ་འདྲ་ཡིན་དུས་ཚོགས་པ་འདི་འདྲ་བ་ཞིག་བཙུགས་ཐུབ་པ་དེ་ཧ་ཅང་གི་ཡག་པོ་བྱུང་འདུག ད་ལྟ་ལས་བསྡོམས་ནང་ལ་གང་ལ་གང་འཚམས་ཕན་ཐོགས་ཐུབ་པའི་ཕྱག་ལས་གནང་འདུག དེ་ཡིན་དུས་མ་འོངས་པར་མུ་མཐུད་ནས་བོད་མི་ཚོང་ལས་གཉེར་མཁན་རྣམས་ལ་རམ་འདེགས་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག

དེ་བཞིན་སྒྲིག་འཛུགས་གཅིག་དང་། ཁོར་ཡུག་གཅིག་གི་འོག་ལ་གཅིག་གྱུར་འགྲོ་ཡོང་དུས་བསམ་ཚུལ་མི་མཐུན་པ་ཡོང་རྒྱུ་ཆོས་ཉིད་རེད། དེ་འདྲའི་སྐུ་ངལ་ཡོད་པ་ད་ལྟ་ཚོགས་གཙོས་གསུངས་སོང་། དེ་འདྲའི་གནས་སྟངས་བྱུང་བའི་སྐབས་སུ་ཕྱོགས་ཕན་ཚུན་གྱི་གནས་སྟངས་དང་། དཀའ་ངལ་ཐོག་ལ་ཞིབ་འཇུག་དང་། གོ་བསྡུར་བྱས་ནས་སྒྲིག་འཛུགས་འདིའི་འོག་ནས་ཚོང་ལས་གཉེར་ཐུབ་རྒྱུའི་གོ་སྐབས་འཛིན་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཏོག་ཙམ་བསམ་བློ་གུ་ཡངས་དང་། བཟོད་བསྲན་དགོས་པ་གལ་ཆེན་པོ་རེད་འདུག སྤྱིར་བཏང་ནང་ཆོས་ཐོག་ནས་བཤད་པ་ཡིན་ན། ཚོང་ལས་ཟེར་བ་དེ་ཏོག་ཙམ་གཡོ་སྒྱུ་ཁྲམ་གསུམ་གྱི་ལས་ཀ་འདྲ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། འོན་ཀྱང་ཚོང་ལས་ཁྱབ་ཆེན་པོ་ཡོང་རྒྱུར་གཅིག་གིས་གཅིག་ལ་ཡིད་ཆེས་དགོས་ཀྱི་ཡོད་རེད། སྔོན་མ་དང་ད་ལྟའི་གནས་བབ་གཉིས་ཁག་ཁག་ཆགས་བསྡད་ཡོད་རེད། དེང་སང་ཅ་ལག་བཙོང་དུས་ཁེ་སང་ག་ཚོད་ཙམ་ཞིག་བྱུང་གི་ཡོད་པ་ཉོ་མཁན་དེ་ཚོས་ཤེས་བསྡད་ཀྱི་འདུག དེ་ཡིན་དུས་མ་གནས་ཐོག་ཁེ་སང་རན་པོ་ལེན་ནས་ཚོང་ལས་གཉེར་ཐུབ་པ་ཡིན་ན། ཉོ་མཁན་རྒྱ་གར་བ་ཚོས་ཀྱང་བོད་མི་ཟེར་བ་དེ་ཡ་རབས་ཡོད་རེད། ཁེ་སང་དེ་ཙམ་མ་གཏོགས་ལེན་གྱི་ཡོད་མ་རེད་ཟེར་བ་སོགས་བལྟ་སྟངས་ཡིན་ནའང་ཡག་པོ་ཡོང་བ་མ་ཟད། མ་འོངས་པར་ཁྲོམ་སར་ཡུལ་མི་འཁོར་རྒྱུར་དགེ་མཚན་ཆེན་པོ་ཡོད་རེད། དེ་འདྲའི་ཐོག་ནས་གཅིག་གིས་གཅིག་ལ་ཡིད་ཆེས་བཟོ་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། དེ་བཞིན་ལོ་གཅིག་ལ་ཟླ་གཅིག་གཉིིས་ཙམ་རིང་དགུན་ཚོང་གཉེར་རྒྱུ་ཙམ་མ་ཡིན་པར་ལོ་འཁོར་མའི་ནང་གཞིས་ཆགས་ཁག་ནང་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུའི་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག དེ་ལྟར་མ་ཡིན་པ་ལོ་གཅིག་ལ་ཁེ་བཟང་འབུམ་དྲུག་བདུན་རག་པ་ཡིན་ན་དེར་བེད་སྤྱོད་དེ་རྗེས་མ་དགུན་ཚོང་འགྲོ་རན་སྐབས་མ་རྩ་ཙམ་ཡང་མེད་པར་བུ་ལོན་ལེན་དགོས་ཐུག་གི་འདུག་བ། འགན་འཛིན་ལྷན་ཚོགས་ནས་གཞིས་ཆགས་སོ་སོའི་ནང་ལས་འཆར་ཆུང་ཆུང་རིགས་བསྒྲིག་ཐུབ་ཐབས་གནང་དགོས་པ་དང་། དེ་བཞིན་རྒྱ་གར་ནང་ཁྲོམ་སར་མེ་སྐྱོན་ཤོར་རྒྱུའི་གནས་བབ་དེ་ཡང་ཡང་ཡོང་བསྡད་ཀྱི་འདུག དེ་འདྲའི་རིགས་མ་ཡོང་བར་སྔོན་འགོག་གནང་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གནང་སོང་།

གཞན་ཡང་ཚོགས་འདུའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསུང་བཤད་དང་། རྒྱ་གར་རྒྱལ་ཡོངས་ཚོང་པ་ཚོགས་པའི་ཚོགས་གཙོས་ཚོགས་པའི་ངོ་སྤྲོད་གསུང་བཤད། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དྲུང་ཆེ་དང་། རྩིས་པ་བཅས་ནས་ལས་བསྡོམས་དང་། རྩིས་ཁྲ་ཁག་སྙན་སྒྲོན། རྒྱ་གར་རྒྱལ་ཡོངས་ཚོང་པ་ཚོགས་པའི་ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། དེ་བཞིན་ཚོགས་འདུའི་ཐོག་རྒྱ་གར་རྒྱལ་ཡོངས་ཚོང་པ་ཚོགས་པའི་ངོས་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་བཅས་རྣམ་གཉིས་ལ་ཞལ་ཐང་རེ་ཕུལ་སོང་བ་བཅས། །

 

Menu