དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བོད་ཀྱི་ཞོ་སྟོན་ཐེངས་ ༢༥ པའི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༣ ཉིན་བོད་ཀྱི་ཟློས་གར་དུ་བོད་ཀྱི་ཞོ་སྟོན་ཐེངས་ ༢༥ པ་དེ་བཞིན་ཟླ་ ༤ ཚེས་ ༦ ནས་ ༡༣ བར་ཉིན་གྲངས་བརྒྱད་རིང་སྲུང་བརྩི་ཞུས་ཡོད་པ་དང་། ཞོ་སྟོན་གྱི་འཁྲབ་གཞུང་ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བ་ལྟར་གསུང་བཤད་གནང་དོན། དེ་རིང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་ལ་ཆིབས་བསྒྱུར་བསྐྱངས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་ལས་ཟུར་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་འགན་འཛིན་རྣམ་པ། འདིར་ཕེབས་པའི་མང་ཚོགས་རྣམ་པ་ཡོངས་ལ་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་སྒེར་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ང་ཚོས་བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་ཐོག་ཕྱོགས་མཐའ་ཁག་ནས་ལྷ་མོ་ཚོགས་པ་ཆེད་ཕེབས་གནང་ནས་བོད་ཀྱི་ཞོ་སྟོན་ཐེངས་ ༢༥ པ་འདི་ཚགས་ཚུད་ཐོག་ནས་སྲུང་བརྩི་ཞུས་ཐུབ་པ་དང་། ལྷག་པར་དུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོ་ཚོགས་པ་ཚང་མའི་ངོས་ནས་སྐུ་ངལ་ཁྱད་དུ་གསོད་ནས་དེ་རིང་འདིར་ལྷ་མོའི་འཁྲབ་གཞུང་མང་པོ་ཞིག་འཁྲབ་སྟོན་གནང་ཐུབ་པར་རྣམ་པ་ཚོ་ཚང་མ་ལ་དམིགས་བསལ་གྱིས་ཐུགས་རྗེ་བཀྲིན་ཆེ་ཞུ་རྒྱུ་དང་། དེ་མཚུངས་ང་ཚོའི་རིག་གཞུང་འདི་གཙོ་བོ་ལོ་རྒྱུས་ཀྱི་བྱུང་རབས་ཀྱི་ཐོག་ནས་ལོ་རྒྱུས་རིང་པོ་རེད། ལྷག་པར་དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་བརྒྱུད་ནས་ཡིན་པ། ཐང་སྟོང་རྒྱལ་པོ་ཆོས་ཕྱོགས་ནས་ཞུས་པ་ཡིན་ན་ཧ་ལས་པའི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་། ང་ཚོ་འཇིག་རྟེན་མཐུན་མཇུག་གི་ཐོག་ནས་མངོན་པར་བསམ་བློ་བཏང་པ་ཡིན་ན་གཞན་ཕན་གྱི་བསམ་བློ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་མང་ཚོགས་ཉམ་ཐག་པ་ལ་ཐུགས་བརྩེ་བ་ཆེན་པོ་ཡོད་པར། བོད་མཚོན་པའི་ཧི་མཱ་ལ་ཡ་དང་། འབྲུག་བཅས་ཀྱི་ནང་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་གསར་འཛུགས་གནང་ཡོད། དེའི་མཐུན་རྐྱེན་དུ་ཨ་ཅེ་ལྷ་མོའི་འཁྲབ་གཞུང་གསར་གཏོད་གནང་ཡོད། ཨ་ཅེ་ལྷ་མོའི་འཁྲབ་གཞུང་འདི་བོད་ཀྱི་སྲོལ་རྒྱུན་གྱི་དམངས་འཁྲོད་ཀྱི་གཞི་ཡོད་པ་གང་ཞིག་ལ། ཐང་སྟོང་རྒྱལ་པོ་རང་ཉིད་ཀྱི་སྒྲིག་འཛུགས་བཟོས་ཡོད་པ། སྐབས་དེར་ཐང་སྟོང་རྒྱལ་པོ་བལ་ཡུལ་དང་། རྒྱ་གར། ཕལ་ཆེར་བོད་ཀྱི་དར་རྩེ་མདོ་ཕྱོགས་ལ་ལྕགས་ཟམ་བཙུགས་པའི་ལོ་རྒྱུས་ནས་རྒྱ་ནག་ལ་ཕེབས་ཡོད་པའི་བཟོ་འདྲ་ཞིག་འདུག རིག་གཞུང་མང་པོ་ཞིག་ལས་ལེགས་ཆ་མང་པོ་ཞིག་ལེན་ནས་བཅོས་སྒྲིག་གནང་ནས་ད་ལྟ་ང་ཚོའི་མིག་ལམ་དུ་སྟོན་རྒྱུ་བྱུང་བ་དང་། དེའི་རྗེས་སུ་༸གོང་ས་ལྔ་པ་ཆེན་པོ་མཆོག་ནས་འབྲས་སྤུངས་ཞོ་སྟོན་ཞེས་པ་དེ་ནས་དམིགས་བསལ་གྱི་གཟིགས་པ་གནང་སྟེ་བསྐྱར་དུ་དར་སོ་བྱུང་བ་དང་། ད་ལྟ་ཡང་ང་ཚོས་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡག དེ་འདྲའི་ཐོག་ནས་ང་ཚོ་ལྷ་མོ་འཁྲབ་གཞུང་ཡོངས་གྲགས་ཀྱི་འཁྲབ་གཞུང་ ༨ ཆགས་བསྡད་ཡོད་པ་དང་། དེ་ཡང་དུས་རབས་ ༡༧ པའི་མཇུག་དང་། དུས་རབས་ ༡༨ ནས་དར་སོ་ཆེན་པོ་ཆགས་ཡོད་པ། དེ་ཡིན་དུས་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་ནས་བལྟས་པ་ཡིན་ན་རྒྱ་ནག་གཞུང་གི་ཐོག་ནས་བོད་ཀྱི་རིག་གཞུང་དང་། ཆོས། ལྷག་པར་དུ་སྐད་ཡིག་གོམས་གཤིས་བཅས་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་རྩ་མེད་དུ་བཟོ་ཡི་ཡོད་པའམ་། ཡང་ན་ལོ་རྒྱུས་ཀྱི་འཁྱོག་བཤད་ཐོག་ནས་ཀྲུང་གོ་ཆ་ཤས་བསྒྱུར་བའི་འབད་བརྩོན་བྱས་པ་དེ་གསལ་པོ་ཆགས་བསྡད་ཡོད་རེད།

ང་ཚོ་བཙན་བྱོལ་དུ་མི་ལོ་ ༦༠ ལྷག་འགྲོ་བཞིན་ཡོད་པ་དང་། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་ལམ་སྟོན་གྱི་ཐོག་ལ་ང་ཚོ་བོད་མི་རྒན་གཞོན་ཚང་མས་ཤར་བསྐྱོད་ཀྱི་ཐོག་ནས་ད་ལྟ་ང་ཚོའི་རིག་གཞུང་གལ་ཆེན་པོ་འདི་ལྟ་བུ་མི་ཉམས་རྒྱུན་འཛིན་ཞུ་ཐུབ་པ་ཞིག་ཆགས་བསྡད་ཀྱི་ཡོད་རེད། འདི་དམངས་འཁྲོད་ཀྱི་རིག་གཞུང་གི་ཕལ་ཆེར་སྲོག་ཤིང་ལྟ་བུ་ཆགས་ཡོད། སྐྱེ་བོ་མི་ཆོས་ལམ་ལུགས་ཀྱི་ནང་དོན་གོ་རྒྱུ་ཡོད་པ། དམ་པ་ལྷ་ཆོས་ཀྱི་ནང་དོན་གོ་རྒྱུ་ཡོད་པ། དེ་འདྲའི་རིག་གཞུང་ཕྱུག་པོ་ཆགས་བསྡད་ཀྱི་ཡོད་པ། དེར་བརྟེན་རྣམ་པ་ཚོས་རྒྱུན་འཛིན་དར་སྤེལ་གནང་ཐུབ་པ་དེར་དམིགས་བསལ་གྱི་འགན་འཁུར་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དཔེར་ན་ང་ཚོ་ཆོས་ཕྱོགས་ནས་ཞུས་པ་ཡིན་ན་བསྟན་པ་དར་བའི་སྐབས་སུ་བསླབ་ཁྲིམས་སྲུང་བ་ཡིན་ན་དེ་ཕན་ཡོན་ཆེན་པོ་ཡོད་རེད། ཡིན་ནའང་བསྟན་པ་ཉམས་པའི་གནས་སྐབས་སུ་དེ་འདྲའི་བསླབ་བྱ་སྲུང་བ་ཡིན་ན་དེ་བས་ཀྱང་ཕན་ཡོན་ཆེན་པོ་ཡོད་པ་གསུངས་ཀྱི་ཡོད་རེད། དེ་རིང་གི་དུས་ཚོད་དེ་ལ་བོད་ས་མ་ཤོར་བའི་གནས་སྟངས་ཡིན་ན་རྒྱུན་ལྡན་གྱི་གནས་སྟངས་ཆགས་ཀྱི་ཡོད་རེད། ད་ལྟའི་བོད་ཀྱི་གནས་སྟངས། ལྷག་པར་དུ་བོད་ཀྱི་ཆོས་དང་། སྐད་ཡིག. རིག་གཞུང་གནས་མ་གནས་ཀྱི་ས་མཚམས་ཆགས་བསྡད་ཡོད་རེད། དེ་ལྟའི་དུས་ཚོད་སྐབས་ལ་རྣམ་པ་ཚོ་ཞབས་འདེགས་ཆེན་པོའི་ངང་ནས་བོད་ཀྱི་རིག་གཞུང་འབུར་དུ་ཐོན་ཐུབ་པ་གནང་ཐུབ་ཡག་དེ་དཔེ་མ་སྲིད་ཀྱི་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེའི་ཐོག་ནས་བོད་ཀྱི་འཐབ་རྩོད་ཐོག་ལ་ཡང་ཤུགས་རྐྱེན་འགྲོ་ཐུབ་ཡག་ཏན་ཏན་ཆགས་ཀྱི་རེད་བསམ་གྱི་འདུག བོད་ཀྱི་རིག་གཞུང་དང་སྐད་ཡིག་གང་ཞིག་ངོ་བོ་བརླག་ཚར་བ་ཡིན་ན་ཕལ་ཆེར་འཐབ་རྩོད་ཀྱི་བསམ་བློ་དེ་ཡང་ཕལ་ཆེར་ཡོང་ཐུབ་ཡག་ཁག་པོ་ཆགས་ཀྱི་འདུག དེ་ཡིན་ཙང་འཐབ་རྩོད་ཐོག་ལ་རྣམ་པ་ཚོ་ནས་ཞབས་འདེགས་ཆེན་པོ་གནང་ཐུབ་ཡོད་རེད། དེ་རིང་ང་ཚོ་འདི་ནས་མཇུག་བསྒྲིལ་འགྲོ་ཡི་ཡོད་རེད། མ་འོངས་པར་ལས་རིམ་མང་པོ་ཏན་ཏན་ཡོང་གི་རེད། ད་ག་ནང་བཞིན་རྒྱ་བལ་འབྲུག་གསུམ་མ་ཡིན་པར་ཕྱི་རྒྱལ་ཡུ་རོབ་དང་། ཨ་རི། དེ་ག་ནང་བཞིན་ཨེ་ཤི་ཡ་ལུང་པ་གཞན་ཁག་ལའང་མི་སྣ་ཧྲག་བསྡུས་ཧྲག་བསྡུས་བྱས་ནས་ང་རང་ཚོའི་རིག་གཞུང་འགྲེལ་བཤད་རྒྱབ་ཐུབ་ཡ་དང་། འཁྲབ་སྟོན་སྟོན་ཐུབ་ཡ་གི་གོ་སྐབས་དེ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག དེ་ཡིན་ཙང་དེ་འདྲའི་ཐོག་ལ་འབད་བརྩོན་ཞུ་ཐུབ་ཡག་དེ་གལ་ཆེན་པོ་ཡིན་ཚུལ་དང་། མཐའ་དོན་རྣམ་པ་ཚོ་ལྷ་མོའི་འཁྲབ་གཞུང་བརྒྱད་ཙམ་ལྷག་བསམ་རྣམ་པར་དཀར་པའི་ཐོག་ནས་འཁྲབ་སྟོན་གནང་བ་དེའི་དགེ་རྩ་དེ་ལ་བརྟེན་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པ། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་གནང་བ་བཅས།།

Menu