དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༥ ཉིན་མེག་གྷན་ཤིང་མཁར་མགྲོན་ཁང་དུ་ཉིན་གསུམ་རིང་གི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་ཚོགས་གནང་སོང་།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་ཡང་སྐུ་མགྲོན་སྤྱི་འཐུས་ཁག་ཅིག རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་ཚོགས་ཆེན་ཐོག་གི་ཚོགས་བཅར་བ་རྣམ་པ་བཅས་ཆེད་ཕེབས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ང་ཚོ་སྤྱི་པའི་སྒྲིག་འཛུགས་གཅིག་དང་། མི་མང་གི་ཆེད་དུ་དེ་འདྲའི་ལས་འགུལ་ཁང་ཞིག་བཙུགས་པ་ཡིན་དུས། གཙོ་བོ་ལས་དོན་ཐོག་ལ་ཤུགས་རྒྱག་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག གནད་དོན་དེ་དང་པོ་ཤེས་དགོས་པ་གལ་ཆེན་པོ་དང་། དེ་དང་མཉམ་དུ་ལས་འགུལ་གྱི་རྣམ་པ་ཤུགས་ཆེ་ཙམ་སྤེལ་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ལས་འགུལ་ཟེར་དུས། ནམ་རྒྱུན་ང་ཚོའི་བསམ་བློའི་ནང་འཁོར་བསྡད་པའི་ཟས་བཅད་ངོ་རྒོལ་དང་། ལམ་ཁ་ལ་ཕྱིར་འདོན་ནས་སྐད་འབོད་རྒྱག་པ། གོམ་བགྲོས་གནང་བ་ལྟ་བུ་ཙམ་མ་ཡིན་པར། ལས་འགུལ་མང་པོ་སྤེལ་རྒྱུ་ཡོད་རེད་བསམ་གྱི་འདུག དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེ་བོད་རྒྱ་གཉིས་ཕན་ཚུན་ཞི་འགྲིག་ཡོང་ཐབས་ཀྱི་སྲིད་བྱུས་ཞིག་ཆགས་བསྡད་ཀྱི་ཡོད་ཅིང་། དེ་ཡང་སྲིད་བྱུས་དེའི་རྒྱབ་ལྗོངས་རྒྱུ་མཚན་དེ་དག་དབུ་འབྱེད་མཛད་སྒོའི་གཏམ་བཤད་ནང་གསུངས་འདུག རྣམ་པ་ཚོས་དོ་སྣང་བྱུང་ཡོད་རེད། སྲིད་བྱུས་དེ་བཞིན་དངོས་སུ་ལམ་དུ་འགྲོ་རྒྱུར་མང་ཚོགས་ངོས་ནས་གང་གནང་དགོས་ཀྱི་ཡོད་རེད། དེ་བཞིན་འགན་ཁུར་མཁན་རྣམ་པས་གང་གནང་དགོས་ཀྱི་འདུག ལྷག་པར་དུ་རྒྱ་ནག་གཞུང་ངོས་ནས་དེ་ལ་འགན་ཁུར་ཞུ་ཕྱོགས་ག་རེ་དགོས་ཀྱི་འདུག འགན་ཁུར་གང་འདྲ་གནང་གི་འདུག དེ་ཚོའི་ཐོག་རྣམ་པ་ཚོས་དོ་སྣང་གནང་དགོས་པ་དེ་གལ་ཆེ་ཤོས་ཆགས་ཀྱི་འདུག་མ་གཏོགས། ང་ཚོ་ནང་ཁུལ་དབར་དབུ་མ་དང་། རང་བཙན་ཟེར་ནས་ཚོར་བའི་ཐོག་ལ་འགྲོ་བསྡད་པ་ཡིན་ན། དོན་དག་ངོ་མ་དེ་བརླག་འགྲོ་ཡི་འདུག དངོས་ཡོད་ཀྱི་ང་ཚོའི་དམིགས་ཡུལ་དེ་འགྲུབ་མ་ཐུབ་པའི་ཐོག་དུས་ཚོད་འཕྲོ་བརླག་མང་པོ་འགྲོ་ཡི་འདུག དེ་བཞིན་ཆབ་སྲིད་ཀྱི་ཐོག་ལ་གོ་རྟོགས་སླེབས་ཐུབ་ཀྱི་མི་འདུག གང་ལྟར་ང་ཚོ་ཐུན་མོང་གིས་འབད་བརྩོན་ཞུ་ཡུལ་གཅིག་དང་། ཐུན་མོང་གི་དམིགས་ཡུལ་གཞིར་བཟུང་འགྲུབ་ཐུབ་ཀྱི་མི་འདུག བྱས་ཙང་ཚང་མས་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་དགོས་པ་དང་། གཅིག་གིས་གཅིག་ལ་གུས་ཞབས་དང་། བགྲོ་གླེང་བྱེད་རྒྱུའི་གོ་སྐབས་དེ་མང་བ་ཡོང་ཐུབ་དགོས་པ་བཟོ་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་ཚོའི་ཐོག་རྒྱ་ཆེ་ས་ནས་བསམ་བློ་གཏོང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

དེ་བཞིན་རྒྱ་དམར་གཞུང་གིས་ཐོག་མར་བོད་ནང་བཙན་འཛུལ་བྱེད་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༠ ལོར་དགུང་གྲངས་བཅུ་དྲུག་ཐོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་བྱུང་བ་དང་། སྐབས་དེ་དུས་ཀྱི་གནས་སྟངས་དེ་ཧ་ཅང་གི་ཉེན་ཁ་ཆེན་པོའི་ནང་གནས་བསྡད་ཡོད་རེད། ད་ལྟ་ང་ཚོས་སྐབས་དེ་དུས་ཀྱི་བོད་ཀྱི་གནས་སྟངས་དང་། ད་ལྟའི་ཡུག་རེན་གྱི་གནས་སྟངས་འདྲ་པོ་ཆགས་བསྡད་ཡོད་རེད་ཅེས་བཤད་སྡོད་གྱིན་འདུག རྩ་བའི་བཙན་འཛུལ་བྱེད་སྟངས་གཅིག་པ་འདྲ་པོ་ཡིན་ཡང་། བསམ་བློ་ཡག་པོ་བཏང་ནས་དོན་དག་ལ་བབས་ཡོང་ན་དེ་གཉིས་དབར་གནམ་སའི་ཁྱད་པར་ཡོད་རེད། རྒྱ་དམར་གྱིས་བོད་ནང་བཙན་འཛུལ་བྱས་པའི་སྐབས་སུ་བོད་ནང་རྒྱ་མིའི་དམག་མི་ཁྲི་གསུམ་ནས་བཞི་ཙམ་ཡོད་པ་དང་། དེ་བཞིན་གནམ་གྲུ་དང་། གོ་མཚོན་མང་པོ་ཞིག་བེད་སྤྱོད་བཏང་ཡོད་རེད། སྐབས་དེ་དུས་བོད་ལ་དམག་མི་དྲུག་སྟོང་ནས་བརྒྱད་སྟོང་བར་དང་། མེ་སྒྱོགས་རྙིང་པ་ཉི་ཤུ་སུམ་ཅུ་ཙམ་མ་གཏོགས་ཡོད་མ་རེད་ཟེར་གྱི་འདུག མཚོན་ཆའི་ཐོག་ནས་ང་ཚོའི་གནས་སྟངས་ཧ་ཅང་གི་སྐྱོ་པོ་ཆགས་བསྡད་ཡོད་རེད། ཕྱིས་སུ་ཉམས་ཞིབ་པ་དེ་ཚོས་བཀའ་མོལ་གསུངས་བར་གཞི་བཞག་ན། རྒྱ་དམར་གྱིས་བོད་ལ་དམག་འཁྲུག་ཐེངས་ཁྲི་གཅིག་དང་ལྔ་སྟོང་ཙམ་བརྒྱབ་ཡོད་རེད་ཟེར་གྱི་འདུག ཡིན་ནའང་ང་ཚོར་སྐབས་དེ་དུས་ཀྱི་ཡིག་ཆ་ཚད་ལྡན་རག་གི་ཡོད་མ་རེད། བོད་དང་རྒྱ་དམར་དབར་དམག་མི་དང་། མཚོན་ཆའི་དབར་གནམ་སའི་ཁྱད་པར་བྱུང་ཡོད་རེད། ཡིན་ནའང་ང་ཚོས་རྒྱ་དམར་ལ་ཁ་གཏད་བཅག་ནས་དམག་འཁྲུག་ཁྲི་གཅིག་དང་ལྔ་སྟོང་ཙམ་བརྒྱབ་པའི་ལོ་རྒྱུས་བྱུང་འདུག ང་ཚོས་བསྡོམས་བརྒྱབ་ཡོང་དུས། སྐབས་དེ་དུས་བོད་ནང་གི་དམག་མི་དང་། གདོང་ལེན་བྱེད་མཁན་རྣམས་ལ་ནུས་པ་ཤུགས་ཆེན་པོ་ཡོད་པ་གསལ་པོ་རེད། ཡིན་ནའང་མཚོན་ཆའི་ཐོག་ནས་འདང་མེད་པ་དང་། མིའི་གདོང་ལེན་གྱི་ནུས་པ་ཆེན་པོ་ཡོད་པའི་བསྡོམས་བརྒྱབ་ཡོད་རེད། དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་ང་ཚོའི་དམག་ཤུགས་དང་། སྟོབས་ཤུགས་དེ་ཉག་ཕྲ་བ་ཆགས་བསྡད་ཡོད་པ་མ་ཟད། སྐབས་དེ་དུས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོར་ཡུག་དེ་དཔེ་མི་སྲིད་པའི་གནས་སྟངས་སྐྱོ་པོ་ཞིག་ལ་འཁེལ་བསྡད་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་མང་བ་གནང་ཡུལ་དེ་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་ཆགས་བསྡད་ཡོད་རེད། བོད་དེ་ཟུར་ལ་ལྷག་ནས། རྒྱ་དམར་གྱིས་གང་བྱས་བྱས་ལྟ་བུ་ཆགས་ནས་བསྡད་པ་མ་གཏོགས་དེ་ལ་དོ་སྣང་དང་། རྒྱབ་སྐྱོར་གནང་མཁན་གྱི་རྣམ་པ་དེ་ཐོན་ཐུབ་མེད། མཐའ་མར་བོད་ནང་གསུམ་པའི་ཚེས་བཅུར་ཞི་རྒོལ་དང་། རིམ་པས་༧སྐྱབས་མགོན་རིན་པོ་ཆེ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། ངས་དེ་ཞུ་དགོས་པ་དེ་གང་རེད་ཟེར་ན། ང་ཚོས་ལོ་རྒྱུས་ལ་བལྟས་ནས་མ་འོངས་པའི་ཁ་ཕྱོགས་སམ་ཡང་ན་བསམ་བློ་གསར་པ་ཟེར་ནའང་མི་འདུག ལས་འཆར་གསར་པ་ཟེར་ནའང་མི་འདུག ལོ་རྒྱུས་ཐོག་ལ་ཉམས་ཞིབ་བྱེད་དགོས་ནའང་འདྲ། དངོས་སུ་ལག་ལེན་ཐོག་ལའང་རྒྱབ་སྐྱོར་བཙལ་རྒྱུས་མཚོན་པའི་མ་འོངས་པའི་བྱེད་ཕྱོགས་ཐོག་ལ་དོ་སྣང་གནང་དགོས་པ་གལ་ཆེན་པོ་ཡིན་སྟབས་དེ་ཞུས་པ་ཡིན།

ང་ཚོ་བཙན་བྱོལ་ལ་འབྱོར་རྗེས། གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས། ང་ཚོ་ད་ལྟའི་ཆར་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་ཐོག་ནས་མང་གཙོའི་ལམ་ལུགས་ཐོག་ཁ་ཡོད་ལག་ཡོད་ཐོག་འགྲོ་བཞིན་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་ ༢༠༠༡ ནས་ཕྱེད་བགྲེས་ཡོལ་དང་། ༢༠༡༡ ནས་བགྲེལ་ཡོལ་ཆ་ཚང་ཞུས་པ་ཡིན་ཞེས་མི་གཅིག་ལ་བརྟེན་མ་དགོས་པར་མང་ཚོགས་ནས་འགན་ཁུར་བའི་ཐོག་ནས་བོད་ཀྱི་མ་འོངས་པའི་ཐག་གཅོད་བྱེད་དགོས་ཀྱི་འདུག་ཅེས་མང་ཚོགས་ལ་དབང་ཆ་ཆ་ཚང་མར་གནང་བ་རེད།

སྤྱིར་ལོ་རྒྱུས་ཐོག་དང་། དངོས་ཡོད་གནས་ཚུལ་གང་ནས་བལྟས་ཀྱང་བོད་ཀྱི་ངོ་བོ་མཚོན་ཐུབ་མཁན་དང་། ཐག་གཅོད་བྱེད་ཐུབ་མཁན་གྱི་ནུས་པ་དེ་༧སྐྱབས་མགོན་རིན་པོ་ཆེར་མ་གཏོགས་གཞན་སུ་ལའང་ཡོད་མ་རེད། དེ་ཡིན་དུས་མགོན་པོ་གང་གིས་ཐག་གཅོད་གང་གནང་བ་དེའི་ཐོག་ང་ཚོ་མང་ཚོགས་ནས་མདུན་བསྐྱོད་གང་གནང་དགོས་ཀྱི་འདུག ཆ་ཤས་གང་བཞེས་དགོས་ཀྱི་འདུག དེ་ལ་ཞབས་འདེགས་གང་ཞུ་དགོས་ཀྱི་འདུག རྩ་བའི་མང་གཙོ་ལ་ཐོབ་ཐང་གཅིག་དང་། ལས་འགན་གཅིག་བཅས་གཉིས་བཤད་སྲོལ་ཡོད་པ་ལྟར། ཐོབ་ཐང་དང་མཉམ་དུ་ལས་འགན་འགྲུབ་དགོས་པ་དེ་ཡང་ཧ་ཅང་གི་གལ་ཆེན་པོ་རེད་འདུག འཐུས་ཤོར་ཆུང་ཆུང་ཙམ་ཞིག་ཕྱིན་ཚར་བ་ཡིན་ན། དེ་སླར་གསོ་བྱེད་རྒྱུར་ཁག་པོ་ཞེ་དྲག་འདུག མང་ཚོགས་དང་། ལས་ཀྱི་སྣེ་མོ་བ་ཚང་མས་འགན་ཁུར་ཞུ་ཐུབ་དགོས་པ་དེ་གནད་འགག་ཆེན་པོ་རེད་འདུག

༧སྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་ ༢༠༡༨ ལོར་དབུ་མའི་ལམ་གྱི་ཚོགས་ཆེན་སྐབས་ཚོགས་བཅར་བ་རྣམས་ལ་མཇལ་ཁ་སྩོལ་སྐབས་དབུ་མའི་ལམ་གྱི་བྱུང་རིམ་དང་། དེའི་ཐོག་ཕེབས་དགོས་པའི་རྒྱུ་མཚན་དང་བཅས་པ་གསུངས་པའི་ཐོག་སོགས་ལ་ཐུགས་སྣང་གནང་ཐུབ་པ་ཡིན་ན། སྲིད་བྱུས་དེ་ལ་ངེས་ཤེས་རྙེད་ཐུབ་པ་དང་། དེའི་རྒྱབ་ལྗོངས་འགྲེལ་བཤད་བརྒྱབ་ཐུབ་པ། དེའི་དགོས་པ་དང་། དམིགས་ཡུལ་སོགས་ལ་ངེས་པ་རྙེད་ཐུབ་པ། རྩ་བའི་སྲིད་བྱུས་ཟེར་བ་དེར་མང་ཚོགས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་འབྲེལ་བ་ངེས་པར་དུ་དགོས་ཀྱི་འདུག སྲིད་བྱུས་ཟེར་བ་དེ་མང་ཚོགས་ལ་དགོས་མཁོ་མེད་པ་ཡིན་ན། དེ་བེད་སྤྱོད་མེད་པ་ཆགས་འགྲོ་ཡི་རེད། དེ་མང་ཚོགས་ཀྱི་ཁེ་ཕན་དང་། མི་རིགས་དང་འཐབ་རྩོད་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་བསྡད་པ་ཞིག་དང་། སྤྱི་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་བསྡད་པ་ཞིག་དགོས་ཀྱི་རེད། ང་ཚོའི་ཕྱོགས་ནས་འགན་ཁུར་ཞུ་དགོས་པ་ག་རེ་འདུག རྒྱ་ནག་ཕྱོགས་ནས་འགན་ཁུར་ཞུ་དགོས་པ་ག་རེ་འདུག ང་ཚོས་རྒྱ་ནག་འགོ་ཁྲིད་དེ་ཚོའི་བྱེད་ཕྱོགས་འགྲིག་གི་མེད་པ་དང་། རྒྱ་ནག་མང་ཚོགས་ལ་བསམ་ཚུལ་མེད་པ་སོགས་བོད་དོན་ཐོག་རྒྱ་མིའི་མང་ཚོགས་དང་གོ་བསྡུར་གནང་དགོས་པ་གལ་ཆེན་པོ་རེད་འདུག་སོགས་གསུངས་གནང་རྗེས། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་གསར་པ་རྣམས་ལ་འཚམས་འདྲིའི་མཇལ་དར་བསྒྲོན་འབུལ་གནང་ཡོད་པ་བཅས། །