༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་ (Jiří Oberfalzer, Vice President of the Czech Senate) མཆོག་དང་། ཁོང་དང་མཉམ་དུ་ཕེབས་པའི་ཕྱག་རོགས་རྣམས་ལ་དགོང་དྲོའི་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་ཡོད།
སྐབས་དེའི་གསོལ་སྟོན་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་མཆོག་གི་དབར་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་ལྷུགས་པོ་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཁོང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པ་གཞུང་འབྲེལ་མཛད་སྒོ་སྲུང་བརྩིའི་ཐོག་ཆེད་མངགས་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གསུང་དོན། སྐུ་ཉིད་རྡ་སར་ཉིན་ཤས་བཞུགས་རིང་གནད་ཡོད་མི་སྣ་སོགས་མང་པོ་མཇལ་འཕྲད་བྱུང་ནས་བོད་ཀྱི་གནད་དོན་ཐོག་བཀའ་མོལ་ལྷུགས་པོ་བྱུང་ཡོད་རེད། བྱས་ཙང་དེ་རིང་མང་པོ་ཞུ་གི་མིན། ད་རེས་སྐུ་ཉིད་དངོས་སུ་བཞུགས་སྒར་དུ་ཕེབས་པ་དེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་རྒྱུའི་དོན་སྙིང་ལྡན་པ་ཞིག་བྱུང་སོང་།
མ་འོངས་པའི་ང་ཚོའི་འབྲེལ་ལམ་དེ་ཡར་རྒྱས་ཡོང་རྒྱུ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས། ལྷག་པར་དུ་ནད་ཡམས་ཀྱི་གནས་སྟངས་ཡར་རྒྱས་སོང་བ་ཡིན་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཡུ་རོབ་ནང་བོད་དོན་ཞུ་སྐུལ་སླད་ཕེབས་རྒྱུའི་ལས་རིམ་བང་བསྒྲིག་བཞིན་ཡོད། དེ་རིང་རྣམ་པ་ཚོས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པ་དེ་ཧ་ཅང་གི་བསྐལ་པ་བཟང་པོ་རེད་ཅེས་དང་། མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ལ་སྐྱིད་པའི་རང་དབང་མྱུར་དུ་ཐོབ་པ་དང་། ད་ལྟའི་ཤར་ཡུ་རོབ་ཀྱི་གནས་སྟངས་ཡར་རྒྱས་ཡོང་རྒྱུར་སྨོན་ལམ་ཡོད་ཅེས་གསུངས་གནང་སོང་།
སྐུ་ཞབས་ཁོང་བཞུགས་སྒར་དུ་ཕེབས་རིང་བོད་མིའི་སྒྲིག་འཛུགས་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཁོང་ལ་སྟོན་པའི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་བ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་གི་ཕྱག་རོགས་རྣམས་ལ་༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ཕུལ་གནང་བ་བཅས། །