༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་ཟུར་པ་སྐུ་ཞབས་ཧར་རེ་རེ་ཌི་ (Harry Reid) མཆོག་དགུང་གྲངས་ ༨༢ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་སྐུ་ཟླ་གཙོས་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་བསྩལ་གནང་འདུག
ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་དམ་པ་ཧར་རེ་རེ་ཌི་མཆོག་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་གལ་འགངས་ཆེ་བའི་རྒྱབ་སྐྱོར་གནང་བར་ང་ཚོ་བོད་མི་ཚང་མས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སྐུ་ཞབས་དམ་པ་ཁོང་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་གནང་སྐབས་ཕྱི་ལོ་ ༢༠༡༤ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྨོན་ལམ་འདུ་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་གདན་ཞུས་གནང་ཡོད།
སྐུ་གཤེགས་དམ་པ་ཁོང་ནི་རང་དོན་བློས་བཏང་གིས་ཨ་རིའི་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་རླབས་ཆེན་ཞུ་མཁན་ཞིག་ཡིན་པར་ངོས་འཛིན་ཞུའི་ཡོད། ཁོང་སྐུ་གཤེགས་པ་ནི་ཨ་རིའི་རྒྱལ་ཁབ་དང་མི་མང་ཙམ་མིན་པར། ང་ཚོ་བོད་མི་ཚོར་ཡང་གྱོང་གུད་ཧ་ཅང་ཆེན་པོ་རེད། ངས་སླར་ཡང་དཀའ་ཚེགས་ཆེ་བའི་དུས་ཚོད་འདིར་ཁྱེད་ནང་མི་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག