༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༤ ནས་ ༢༢ བར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མཇལ་འཕྲད་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་ཐབས་སོགས་ཀྱི་བོད་དོན་ཞུ་སྐུལ་རྒྱ་ཆེ་གནང་བ་ལྟར། ཕྱི་ཚེས་ ༢༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལྡི་ལིར་ཆེད་ཕེབས་གནང་སྟེ།
ཕྱི་ཚེས་ ༢༢ ཉིན་སྔ་དྲོར་ལྡི་ལི་དོན་ཁང་དུ་དཔལ་ལྡན་ཚོགས་གཙོ་མཆོག་དང་། ཞུ་སྐུལ་དུ་ཕེབས་པའི་སྤྱི་འཐུས་རྣམ་པ། སྐུ་ཚབ་དོན་གཅོད་མཆོག དོན་གཅོད་དྲུང་ཆེ། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་བཅས་ལྷན་ཚོགས་དང་། དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་བཅས་ནས་གོ་སྒྲིག་འོག་ལྡི་ལི་ཨིམ་ཕེ་རལ་ (Imperial hotel) གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པར་འཚམས་འདྲིའི་གསོལ་ཚིགས་ཤིག་འདེགས་འབུལ་དང་འབྲེལ་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་སླར་གསོ་གནང་བ་དང་སྦྲགས། ཚོགས་ཕེབས་ཆབ་སྲིད་ཚོགས་པ་ཐུན་མོང་ནས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar, Raj Sabha member from Odisha) མཆོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཀྱིས་བསྐོ་གཞག་གནང་སོང་།
སྐབས་དེའི་ཚོགས་འདུའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། རྒྱ་གར་དབུས་གཞུང་གི་ལག་རྩལ་གོང་སྤེལ་དང་། ཚོང་ལས། དེ་བཞིན་འཕྲུལ་རིག་བློན་ཆེན་སྐུ་ཞབས་རཱ་ཇེབ་ཅནྡྲ་ཤེ་ཀར་ (Shri Rajeev Chandrasekhar, Minister of State for Skill Development& Entrepreneurship and Electronics & Information Technology of India) མཆོག་དང་། མཧ་རཱཤཀྲ་མངའ་སྡེའི་ཁོངས་ནས་ཡིན་པའི་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རམ་རྡ་སི་ཨ་ཐ་ཝ་ལི་ (Shri Ramdas Athawale, Ministry of Social Justice and Empowerment) མཆོག རྒྱ་གར་གྲོས་ཚོགས་གོང་མའི་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་འཐུས་མི་སྐུ་ཞབས་ཀེ་སི་རཱ་མ་མུར་ཐེས་ (Shri K.C. Ramamurthy, Member of Rajya Sabha from karnataka) མཆོག རྒྱ་གར་གྲོས་ཚོགས་འོག་མའི་ཡུ་པི་མངའ་སྡེའི་འཐུས་མི་ལྕམ་སྐུ་མོ་ནེ་ཀ་གྷན་དཱི་ (Smt. Maneka Gandhi, Member of the Lok Sabha) མཆོག རྒྱ་གར་གྲོས་ཚོགས་འོག་མའི་བྷི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་ཇ་ནར་ཌན་སིངྒ་སི་གྷི་རི་ཝལ་ (Shri Janardan Singh Sigriwal, Lok Sabha Member from Bihar) མཆོག རྒྱ་གར་གྲོས་ཚོགས་འོག་མའི་བྷི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་ཅན་དྷེ་ཤི་ཝར་ པྲ་སད་ (Shri Chandeshwar Prasad,Lok Sabha member from Bihar) མཆོག རྒྱ་གར་གྲོས་ཚོགས་གོང་མའི་ནུབ་བྷེང་གྷལ་མངའ་སྡེའི་འཐུས་མི་སྐུ་ཞབས་སཱོ་ཝཱ་པཱན་ དཱསི་གུབྟ་ (Shri Swapan Dasgupta,Rajya Sabha MP from West Bengal) མཆོག རྒྱ་གར་གྲོས་ཚོགས་གོང་མའི་ཨོ་ཌི་ཤ་མངའ་སྡེའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar, Raj Sabha member from Odisha) མཆོག རྒྱ་གར་གྲོས་ཚོགས་གོང་མའི་ཀར་ན་ཊ་ཀ་མངའ་སྡེའི་འཐུས་མི་སྐུ་ཞབས་ཇཱེ་རམ་རཱ་མེ་ཤི་ (Shri Jairam Ramesh, Raj Sabha member from Karnataka) མཆོག རྒྱ་གར་གྲོས་ཚོགས་འོག་མའི་པན་ཇབ་མངའ་སྡེའི་འཐུས་མི་སྐུ་ཞབས་མཱ་ནེ་ཤི་ཏེ་ཝཱ་རི་ (Shri Manish Tiwari, Lok Sabha member from Punjab) མཆོག རྒྱ་གར་གྲོས་ཚོགས་འོག་མའི་བྷི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་ཅན་དྷེ་ཤི་ཝར་ པྲ་སད་ (Shri Chandeshwar Prasad,Lok Sabha member from Bihar) མཆོག རྒྱ་གར་གྲོས་ཚོགས་འོག་མའི་ཧི་མ་ཅལ་མངའ་སྡེའི་འཐུས་མི་ལྕམ་སྐུ་རཱ་ནི་ པྲཱ་ཏི་བྷཱ་ སིངྒ་ (Smt Rani Pratibha Singh,Lok Sabha member from Himachal) མཆོག་བཅས་དང་། ལྡི་ལིར་ཆེད་ཕེབས་གནང་བའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་སྤྱི་འཐུས་རྣམ་པ། གཞན་ཡང་ཕྱོགས་བཞུགས་སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག གཞན་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri. R.K khrimey) མཆོག འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་གྱིས་གཙོས་ལས་བྱེད་རྣམ་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དེ་སྔོན་བྱུང་རིམ་དང་རྒྱབ་ལྗོངས་སྐོར་ལ་ངོ་སྤྲོད་གནང་།
དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་དོན། ཁྱེད་རྣམས་ལས་བྲེལ་ཇི་ཙམ་ཡོད་ཀྱང་དེ་རིང་དུས་ཚོད་བཏང་ནས་འདིར་མཉམ་ཞུགས་གནང་བ་དེས་བོད་དང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་ཐུབ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་དུས་ཡུན་རིང་ཤོས་ཀྱི་སྐུ་མགྲོན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་ལྟར། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་སླེབས་པ་ནས་བཟུང་ད་བར་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གར་ནི་ང་ཚོའི་ཁྱིམ་ཚང་གཉིས་པ་ལྟ་བུ་ཆགས་ཀྱི་ཡོད་པ་དང་། དུས་ཡུན་དེའི་རིང་རྒྱ་གར་གཞུང་མང་གཉིས་ནས་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱིར་ཨ་རི་དང་། ཡུ་རོབ། ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཁག་ནས་རྒྱལ་སྤྱིའི་ཐོག་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་ཡང་། རྒྱ་གར་ནི་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མི་མང་ཤོས་ཀྱི་གནས་ཡུལ་ཆགས་ཀྱི་ཡོད་སྟབས། བོད་ཀྱི་འཐབ་རྩོད་ཐོག་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་དེ་ལས་ཀྱང་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ལྷག་པར་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་དང་། ཁྱེད་རྣམ་པའི་རྒྱབ་སྐྱོར་ཐོབ་པ་དེ་ནི་ང་ཚོས་སྤོབས་པ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད།
ཁྱེད་རྣམ་པས་གྲོས་ཚོགས་ཕྱི་ནང་གཉིས་སུ་མུ་མཐུད་བོད་དོན་ཐོག་གླེང་སློང་གནང་སྟེ་རྒྱབ་སྐྱོར་དང་། དེ་བཞིན་བོད་དོན་དང་འབྲེལ་བའི་ལས་རིམ་ཁག་ལའང་མཉམ་ཞུགས་གནང་སྟེ། ང་ཚོའི་དབར་གྱི་མཛའ་བརྩེའི་འབྲེལ་ལམ་སྔར་ལྷག་རྒྱུན་སྐྱོང་ཐུབ་པའི་ཡིད་ཆེས་ཡོད། ཚང་མས་མཁྱེན་གསལ་ལྟར། བོད་ནང་རྒྱ་ནག་དམར་གཞུང་གི་འོག་གཞིས་བཞུགས་བོད་མི་ཚོ་མུ་མཐུད་སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད་པ་དང་། དེ་བཞིན་ཆོས་དད་རང་དབང་དང་། སྐད་ཡིག རིག་གཞུང་སྦྱོང་སྤྱོད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་གི་རང་དབང་མེད་པ་གྱུར་ཡོད། གཞན་ཡང་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་ཚད་མེད་གཏོར་བཤིག་བཏང་སྟེ་རྒྱ་གར་གཙོས་པའི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་གཞན་ཁག་ལའང་ཉེན་ཁ་ཚབས་ཆེན་བཟོས་དང་བཟོ་བཞིན་ཡོད།
ཁྱེད་རྣམ་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་མཁྱེན་རྟོགས་ཡོང་སླད། ཧི་མཱ་ཅལ་མངའ་སྡེའི་ཁོངས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་སུ་མགྲོན་དུ་འབོད་རྒྱུར་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན། སླར་ཡང་ཁྱེད་རྣམ་པས་དུས་ཚོད་བཏང་ནས་འདིར་ཕེབས་ཏེ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་གནང་བ་དང་།
དེ་ནས་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་འགན་ཁུར་མཁན་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོ་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་ཆེད་ཕེབས་སྐབས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་སྣེ་ལེན་མཇལ་འཕྲད་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཡང་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་དེ་ལྟར་ལས་འགུལ་སྤེལ་སྐབས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བ་དང་། དེ་བཞིན་སྐབས ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་བརྩི་བཞིན་ཡོད། རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་འཛུལ་བྱས་པར་བརྟེན་ནས་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་སླེབས་དགོས་བྱུང་སྟེ། ད་ཆ་རྒྱ་གར་ནི་༸གོང་ས་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། བཙན་བྱོལ་བོད་མིའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཀྱི་ཡོད་དུས། རྒྱ་གར་གཞུང་མང་གཉིས་ནི་བོད་མི་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་ཀྱི་ཡོད་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། གཞན་ཡང་རྒྱ་གར་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་སོགས་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཞུས་གནང་སོང་།
དེ་རྗེས་གསར་དུ་བསྐོ་གཞག་བྱུང་བའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མར་མཆོག་གིས་ཨུ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་བྷི་ཇུ་པ་ཊ་ན་ཡག་ (Biju Patnaik) ལགས་ཀྱི་མཚན་ནས་ཁོང་གི་ཆབ་སྲིད་ཚོགས་པ་ (Biju Janata Dal) ཞེས་པའི་མིང་བཏགས་ཡོད་ཚུལ་དང་། དམ་པ་ཁོང་ནི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་བོད་ཀྱི་གྲོགས་པོ་ཞིག་ཡིན་གནས། དེ་བཞིན་༸གོང་ས་མཆོག་ཨུ་ཌི་ཤ་མངའ་སྡེའི་ནང་ཐེངས་འགའ་ཤས་ཆིབས་བསྒྱུར་གནང་ཡོད་པ་དང་། ཁོང་ཉིད་༸གོང་ས་མཆོག་གི་རྗེས་སུ་འཇུག་ནས་ལོ་ངོ་ ༡༢ ལྷག་ཕྱིན་ཡོད་པ་མ་ཟད། ༸གོང་ས་མཆོག་དང་ལྷན་མཇལ་འཕྲད་གནང་མྱོང་ཡོད་པའི་སྐོར། ཕྱི་ལོ་ ༢༠༠༩ ལོར་ཁོང་བོད་ནང་ཕེབས་པའི་སྐོར་བཅས་དང་། གཞན་ཡང་ཁོང་གིས་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་རྩ་བ་ནས་མེད་པ་མ་ཟད། བོད་དེ་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པའི་སྐོར། ༸གོང་ས་མཆོག་ལ་རྒྱ་གར་གཞུང་ནས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ (Bharat Ratna) འབུལ་དགོས་པ་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་ནས་ཀྱང་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ལྟ་བུ་གཏན་འབེབས་གནང་དགོས་སྐོར་སོགས་གསུངས་གནང་སོང་།
དེ་ནས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཀར་ན་ཊ་ཀ་མངའ་སྡེ་ནས་ཡིན་པ་སྐུ་ཞབས་ཇཱེ་རམ་རཱ་མེ་ཤི་མཆོག་གིས་ཁོང་ཉིད་བོད་ཀྱི་རིག་གཞུང་དང་། ལྟ་གྲུབ། ལོ་རྒྱུས། ཁོར་ཡུག་བཅས་ལ་དོ་སྣང་ཆེན་པོ་ཡོད་སྐོར་དང་། ཁོང་གིས་ལྗགས་རྩོམ་གནང་བའི་ནང་ཆོས་དང་འབྲེལ་བའི་དཔེ་དེབ་གསར་པའི་ཐོག་༸གོང་ས་མཆོག་གིས་ཆེད་བརྗོད་གནང་བར་དགའ་སྤོབས་ཆེན་པོ་བྱུང་སྐོར། བོད་དེ་ཆབ་སྲིད་ཙམ་མ་ཡིན་པར། རིག་གཞུང་དང་། ལྷག་པར་དུ་ཁོར་ཡུག་ཐོག་ནས་རྒྱ་གར་ལ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་གནས། རྒྱ་གར་གྲོས་ཚོགས་འཐུས་མི་དང་། བོད་མི་མང་སྤྱི་འཐུས་དབར་མུ་མཐུད་མཛའ་བརྩེའི་འབྲེལ་བ་རྒྱུན་གནས་ཐུབ་པའི་རེ་བ་ཡོད་པ་སོགས་ཀྱི་སྐོར་གསུངས་གནང་རྗེས་རྒྱ་གར་གྲོས་ཚོགས་འཐུས་མི་དང་། བོད་མི་མང་སྤྱི་འཐུས་དབར་མུ་མཐུད་བཀའ་བསྡུར་གནང་རྗེས་ལྷན་དུ་སྐུ་པར་སྒྲོན་གནང་བ་དང་། ཚོགས་འདུའི་ལས་དོན་རྣམས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་བཅས། །