དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་སྐུ་ཞབས་རི་ཀི་ཧེ་ཌེ་ཅེམ་བྷར་ས་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ།

༄༅། །ཨིན་ཡུལ་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་སྐུ་ཞབས་རི་ཀི་ ཧེ་ཌེ་ ཅེམ་བྷར་ས་ (Riki Hyde-Chambers) ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༣ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རི་ཀི་ ཧེ་ཌེ་ ཅེམ་བྷར་ས་ (Riki Hyde-Chambers)  ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་ནང་མི་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།

དམ་པ་ཁོང་གིས་ང་ཚོའི་རྩ་དོན་ཐོག་གྲུབ་འབྲས་ལྡན་པའི་ནུས་པ་བཏོན་ཡོད་པ་མ་ཟད། སྐུ་ཚེ་འཕེན་པ་མ་རྫོགས་བར་གང་ཐུབ་ཅི་ཐུབ་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་ཕྱག་ལས་གནང་ཡོད། ང་ཚོའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲོགས་པོ་ཁོང་ལྟ་བུ་ཡོད་པ་ནི་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན། དམ་པ་ཁོང་དུས་ནམ་ཡང་ང་ཚོའི་སེམས་ནང་ཡོད།

སྐུ་ཞབས་དམ་པ་ཁོང་གིས་ང་ཚོའི་འཐབ་རྩོད་ཐོག་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལྷག་བསམ་ཟོལ་མེད་ཐོག་ནས་རྒྱབ་སྐྱོར་གནང་ཡོད་པ་དང་། ལྷག་པར་དུ་ཨིན་ཡུལ་ནང་བོད་དོན་ཕྱག་ལས་རྒྱ་ཆེ་གནང་བ་རྣམས་ང་ཚོ་བོད་པ་ཚོས་རྟག་ཏུ་དྲན་བཞིན་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཨིན་ཡུལ་ནང་ཆེད་བཅར་སྐབས་དམ་པ་ཁོང་གིས་རྟག་ཏུ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་གི་ཡོད། ང་ཚོའི་བློ་ཉེ་བའི་གྲོགས་པོ་ཁོང་ལྟ་བུ་སྐུ་གཤེགས་པ་དེས་བོད་དང་བོད་མིའི་འཐབ་རྩོད་ཐོག་གྱོང་གུད་ཆེན་པོ་ཕོག་ཡོད།  དམ་པ་ཁོང་ནི་ང་ཚོར་སེམས་ཤུགས་སྤར་མཁན་ཞིག་དང་། ང་ཚོའི་སེམས་ནང་ནས་རྟག་ཏུ་བྲལ་ཐབས་མེད་པ་ཞིག་ཡིན།

ངས་སླར་ཡང་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །

ཐུགས་གསོའི་འཕྲིན་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ། ཐུགས་གསོའི་འཕྲིན་ཡིག PDF