དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་ནས་འབྲས་ལྗོངས་མངའ་སྡེའི་གལ་ཆེའི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་ནས་ཟབ་སྦྱོང་གི་ལས་ཞོར་དུ་ས་གནས་འགོ་འཛིན་བསྟན་འཛིན་ཚེ་དཔག་ལགས་དང་ལྷན་དུ་རུམ་བཏེག་དགོན་པ་དང་། མཆོད་བརྟེན་དགོན་པ། གུ་རུ་སྐུ་འབུམ་དགོན་པ། སེ་ར་བྱེས་འགྲོ་ཕན་གླིང་དགོན་པ་བཅས་ལ་གནས་མཇལ་དུ་ཕེབས་གནང་ཡོད།

དེ་བཞིན་འབྲས་ལྗོངས་མངའ་སྡེའི་འོས་བསྡུ་ལྷན་ཁང་གི་འགན་འཛིན་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ (Shri Tenzin Gelek,IAS Commissioner cum Secretary, Department of Personnel and Chief Electoral Officer,Government of Sikkim) དང་། འབྲས་ལྗོངས་ཀྱི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་དབང་མོ་(Smt R.Ongmo,Chief Administrator,Government of Sikkim)མཆོག མངའ་སྡེའི་ས་དང་ཁྲལ། གོད་ཆག་ཉེན་སྲུང་གི་དྲུང་ཆེ་ཚེ་རྒྱལ་བཀྲ་ཤིས་མཆོག་(Shri Tsegal Tashi,IAS,Commissioner cum Secretary,Land Revenue and Disaster Management,Government of Sikkim )བཅས་ནས་དཔལ་ལྡན་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་ལ་སྣེ་ལེན་དང་མཇལ་འཕྲད་གནང་ཡོད། དེའི་སྐབས་ཁོང་རྣམས་ནས་སྒང་ཏོག་ས་གནས་གང་སར་གནས་པའི་བོད་མིའི་འཚོ་བའི་བདེ་སྡུག་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་བཅས་གསུངས་གནང་འདུག

ཕྱི་ཟླ་ ༦ པའི་ཚེས་ ༢༤ ཉིན་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱི་སྐུ་ཚབ་རྣམས་ཚང་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད། དེ་རྗེས་དགོན་བྱང་དགོན་པ་དང་། གྲོ་མོ་བཀའ་བརྒྱུད་དགོན་པ། ངོར་དགོན་པ་བཅས་སུ་གནས་མཇལ་ཞུས་གནང་ཡོད།

དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༢༦ ཉིན་དང་། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་ཕྱི་ཚེས་ ༢༧ ཉིན་རྡ་སར་འབྱོར་བའི་གནས་ཚུལ་དུ།།

 

Menu