༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ ཙམ་གྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཐེངས་གཉིས་པའི་ཐོག་ཚོགས་བཅར་བ་སློབ་མ་ ༥༠ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་ལ་གསུང་བཤད་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་ལགས་ནས་ཟབ་སྦྱོང་ངོ་སྤྲོད་མདོར་བསྡུས་དང་། ཚོགས་གཙོ་མཆོག་གི་ལོ་རྒྱུས་སྙིང་བསྡུས་གསུངས་གནང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་མཐོ་སློབ་སློབ་ཕྲུག་རྣམས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་གནང་བ་སྦྲགས་བོད་ཀྱི་མང་གཙོའི་འཕེལ་རིམ་ཀྱི་སྐོར་ལ་གསུང་བཤད་གནང་དོན།
མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཤེས་རྒྱུར་དེའི་ལོ་རྒྱུས་རྒྱབ་ལྗོངས་ཤེས་གལ་ཆེན་པོ་ཡིན་པ་དང་། དེའི་ནང་ཆབ་སྲིད་ཀྱི་གནས་སྟངས་ལོ་རྒྱུས་ཤེས་གལ་ཆེན་པོ་ཡིན་པ། བོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་རོབ་ཙམ་ཞུས་པ་ཡིན་ན་རྩ་བའི་བོད་ཟེར་བ་དེ་ཧ་ཅང་གི་ལོ་རྒྱུས་རིང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་རེད། གནའ་རྫས་དངོས་པོ་རྙིང་པ་ཐོན་པ་ཁག་ལ་ཞིབ་འཇུག་བྱས་པར་གཞི་བཞག་ན་ལོ་ངོ་ཁྲི་ལྔ་བརྒལ་བའི་སྔོན་ནས་བོད་ནང་འགྲོ་བ་མིའི་རིགས་བྱུང་བ་རེད་ཅེས་བཤད་སྲོལ་ཡོད་པ་དང་། ང་ཚོ་བོད་རང་གི་ལོ་རྒྱུས་ལ་གཞིར་བཞག་ན་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་མོ་གཉིས་ནས་མི་བརྒྱུད་བྱུང་བ་བཤད་སྲོལ་ཡོད་པ་རེད། ལོ་རྒྱུས་ཀྱི་གནས་སྟངས་ཐོག་ནས་བཤད་སྟངས་མི་འདྲ་བ་ཆགས་ཀྱི་ཡོད་ཀྱང་གང་ལྟར་ལོ་རྒྱུས་རིང་པོ་ཡོད་པ་ཞིག་ཡིན། ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་གཉའ་ཁྲི་བཙན་པོ་ཕེབས་པ་དང་། བོད་རྒྱལ་གཉའ་ཁྲི་བཙན་པོ་ནི་བོད་སྤྱི་ཡོངས་ནས་མང་པོས་བཀུར་ཏེ་རྗེ་བོ་ཆགས་པ་དང་། དེ་ནས་རྗེ་བོའི་རིང་ལུགས་བྱུང་བ། རྗེ་དང་འབངས་ཟེར་བའི་ཐ་སྙད་བྱུང་ཡོད་པ། རྗེ་བོའི་རིང་ལུགས་ཐོག་ནས་ཆབ་སྲིད་དབང་སྒྱུར་གནང་སྟེ་རྒྱལ་རབས་ ༤༣ བར་བྱུང་ཡོད། དེ་ནས་དུས་རབས་ ༩ བར་རྗེ་བོའི་རིང་ལུགས་ཀྱིས་དབང་སྒྱུར་ལོ་ངོ་ཆིག་སྟོང་བརྒལ་བར་གནང་བ་དང་། ལྷག་པར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་ལྷོ་ཤར་ཨེ་ཤེ་ཡའི་ནང་ཆབ་དཔལ་རིག་གསུམ་གང་གི་ཐད་འབུར་དུ་ཐོན་ཐུབ་པ་གནང་ཡོད་པ་རེད། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཚང་མས་བརྩི་བཀུར་ཞུས་དགོས་པ་ཞིག་ཆགས་བསྡད་ཡོད། དེ་རྗེས་དུས་རབས་ ༩ པའི་མཇུག་ཏུ་རྗེ་བོའི་རིང་ལུགས་མེད་པ་ཆགས་ནས་བོད་སིལ་བུར་འཐོར་ཏེ་ལུང་ཚན་རེ་ལ་དཔོན་པོ་དང་རྒྱལ་པོ་རེ་ཟེར་བ་དེ་ཆགས་ཡོད། དེ་ནས་དུས་རབས་ ༡༢ ཟེར་ནའང་དུས་རབས་ ༡༣ པའི་འགོ་སྟོད་ལ་སོག་པོ་དང་ས་སྐྱ་པའི་དབར་མཆོད་ཡོན་འབྲེལ་བ་བྱུང་ནས་མགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་བ་རེད། དེ་ནི་བོད་ནང་བླ་མས་ཆབ་སྲིད་དབང་སྒྱུར་བྱས་པ་ཐོག་མ་ཞིག་ཆགས་ཀྱི་ཡོད། དེ་ནས་རིམ་པས་རིན་སྤུངས་པ་དང་། སྡེ་པ་གཙང་པ། ཕག་གྲུ་སོགས་ཀྱི་སྲིད་དབང་བཟུང་ནས་ཆབ་སྲིད་དབང་བསྒྱུར་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་རེད། དེ་རྗེས་ཕྱི་ལོ་ ༡༦༤༢ ལོར་༸རྒྱལ་དབང་སྐུ་ཕྲེང་ ༥ པ་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཆགས་བསྡད་ཡོད་པ་དང་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས། དེ་རྗེས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཆབ་སྲིད་ཀྱི་སྐུ་ངལ་མང་པོ་འཕྲད་ཡོད་པ་དང་། ༸གོང་ས་སྐུ་ཕྲེང་ ༡༤ པ་དགུང་ན་ཕྲ་བོའི་དུས་ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་ནག་དམར་པོས་བོད་ནང་བཙན་འཛུལ་བྱས་འགོ་བཙུགས་རྐྱེན་༸གོང་ས་མཆོག་གིས་དགུང་ལོ་ ༡༦ ཐོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་བྱུང་བ་དང་། ཁོང་གི་སྔར་སྲོལ་བཞིན་མུ་མཐུད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་རེེད། རྒྱ་ནག་གི་བཙན་དབང་འོག་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་དགོས་བྱུང་བ་དང་། ༸གོང་ས་མཆོག་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ནང་གདན་འདྲེན་ཞུས་གནང་རྗེས་མའོ་གཙོས་པའི་རྒྱ་རིགས་དམར་ཤོག་གི་འགོ་ཁྲིད་མང་པོ་མཇལ་བ་དང་། རྒྱ་ནག་གི་གྲོས་ཚོགས་ནང་ཕེབས་རྒྱུ་བྱུང་བ་རེད། དེ་རྗེས་ ༡༩༥༦ ལོར་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོར་རྒྱ་གར་ལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆིབས་སྒྱུར་གནང་ནས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གི་གཙོས་དཔོན་རིགས་མང་པོ་མཇལ་འཕྲད་གནང་བ་དང་། རྒྱ་གར་གྱི་གྲོས་ཚོགས་སོགས་ལ་གཟིགས་ཞིབ་ཏུ་ཕེབས་གནང་ཡོད་པ་རེད། དེའི་སྐབས་ནས་༸གོང་ས་མཆོག་མང་གཙོའི་ལམ་ལུགས་ལ་ཡིད་སྨོན་དང་། མ་འོངས་པར་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་ཐུབ་ན་དགེ་མཚན་ཆེ་བ་བཅས་གཟིགས་ཡོད། ཕྱི་ལོ་ ༡༩༥༢ ལོར་བོད་ལ་ལེགས་བཅོས་ཚོགས་ཆུང་བཙུགས་ནས་མང་གཙོའི་བཅོས་བསྒྱུར་ལ་གོམ་སྟབས་སྤོས་གནང་ཡང་རྒྱ་མིའི་གདུག་རྩུབ་འོག་ཐུགས་ཀྱི་དགོངས་པ་མཐའ་དག་སྒྲུབ་མི་ཐུབ་སྟེ་མཐར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་བྱུང་རྐྱེན་ཟླ་དེའི་ཚེས་ ༡༧ ཉིན་མཚན་མོའི་ཕྱག་ཚོད་ ༡༠ ཡོལ་ཙམ་ལ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་སྔ་རྗེས་སུ་བོད་མི་ཁྲི་བརྒྱད་ཙམ་བྲོས་བྱོལ་ཕེབས་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༡༩༥༩ ཟླ་ ༤ པའི་ནང་མ་སུ་རིར་བཞུགས་སྒར་མཛད་དེ་བཞུགས་རིང་དེར་ཆོས་དོན་ལས་ཁུངས་དང་། ནང་སྲིད། ཕྱི་སྲིད། དཔལ་འབྱོར་འདུ་འགོད་ལས་ཁང་བཅས་ལས་ཁུངས་བཞི་ཙམ་དང་། ལྡི་ལི་དོན་གཅོད་ཁང་སོགས་བཙུགས་གནང་ཡོད། དེ་རྗེས་རིམ་པས་ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡ ཉིན་༸གོང་ས་མཆོག་གི་བཞུགས་སྒར་རྡ་སར་གནས་སྤོས་གནང་སྟེ་དེང་དུས་ཀྱི་འགྲོ་ལུགས་དང་མཐུན་པའི་བཙན་བྱོལ་བོད་གཞུང་མ་ལག་རྒྱ་བསྐྱེད་གནང་། ཐོག་མར་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་ཆོས་ལུགས་ཆོལ་གསུམ་དང་བཅས་པས་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་འབུལ་ཞུས་རྗེས་ ༸གོང་ས་མཆོག་གིས་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་སྩལ་གནང་བ་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་འབུལ་བསྐོ་བཞག་སྩལ་བས་དེ་རྗེས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་འདི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་གཏན་འབེབས་གནང་ཡོད།
བཙན་བྱོལ་ནང་མང་གཙོའི་འཕེལ་རིམ་ལ་དབྱེ་ན་ལོ་ཚིགས་ཀྱི་ཐོག་ནས་ཞུས་ན་དང་པོ་ཕྱི་ལོ་ ༡༩༦༠ ལོ་ནས་ ༡༩༩༡ བར་མང་གཙོའི་འཕེལ་རིམ་གཅིག་དང་། གཉིས་པ་ཕྱི་ལོ་ ༡༩༩༡ ལོ་ནས་ ༢༠༠༡ བར་མང་གཙོའི་འཕེལ་རིམ་གཅིག གསུམ་པ་ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་མང་གཙོའི་འཕེལ་རིམ་གཅིག་དང་། བཞི་པ་ཕྱི་ལོ་ ༢༠༡༡ ནས་ད་ལྟའི་བར་བཅས་ཡིན། ལོ་ཚིགས་དེ་དག་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད།
ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང་། སྤྱི་འཐུས་སྐབས་ ༦ པའི་དུས་གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་སྣོན་གནང་བ།
སྤྱི་འཐུས་སྐབས་ ༡༡ པས་བཅའ་ཁྲིམས་ཟིན་བྲིས་ཐོག་བགྲོ་གླེང་གཏན་འབེབས་གནང་ཟིན་རྗེས་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་སྩལ་བ་དང་འབྲེལ་བཅའ་ཁྲིམས་དགོངས་དོན་རང་དབང་ཅན་གྱི་སྡེ་ཚན་གསུམ་དང་། ཕྱི་ལོ་ ༡༩༩༢ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་དབུ་འཛུགས་གནང་ཡོད། སྐབས་དེར་བཅའ་ཁྲིམས་དགོངས་དོན་བཞིན་ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ལུགས་རེ་ནས་སྤྱི་འཐུས་ ༢ རེ་དང་། ཐད་བསྐོས་སྤྱི་འཐུས་ ༡ ནས་ ༣ བར། བྱང་ཨ་རི་ནས་སྤྱི་འཐུས་ ༡ དང་། ཡུ་རོབ་ནས་སྤྱི་འཐུས་ ༢ རེ་ཁྱོན་སྤྱི་འཐུས་ ༤༦ གྲངས་འབོར་སྤར་གནང་བ་བཅས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོ་བསྒྱུར་གནང་མཛད།
དེ་རྗེས་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་བསྐོས་འོས་འདེམས་བྱེད་རྒྱུའི་སྲོལ་གཏོད། ༸གོང་ས་མཆོག་ནས་ཕྱེད་བགྲེས་ཡོལ་ཡིན་པའི་བཀའ་ཕེབས་གནང་ཡོད། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་ནས་བདམས་ཐོན་བྱུང་བའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་སྟེ་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་འདུས་འཕར་མའི་སྐབས་བཅའ་ཁྲིམས་ལ་བསྐྱར་བཅོས་གཏན་འབེབས་གནང་ཡོད། ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་ ༢ རེ་དང་། ཆོལ་ཁ་གསུམ་ནས་སྤྱི་འཐུས་ ༡༠ རེ་དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་ ༢ རེ་དང་། ལྷོ་བྱང་ཨ་རི་ནས་སྤྱི་འཐུས་ ༢ རེ་དང་། ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་ཁྱོན་ ༤༥ ཡོད། དེང་དུས་ཀྱི་ལམ་སྲོལ་དང་མཐུན་པའི་རང་རེའི་སྒྲིག་འཛུགས་འདི་ཉིད་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་བཅས་ཆ་ལག་ཡོངས་སུ་ཚང་བ་བྱུང་ཡོད། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་གཟིགས་པ་དང། གནས་ཡུལ་རྒྱ་གར་གཞུང་། མི་རབས་རྒན་པ་རྣམས་ཀྱི་བྱས་རྗེས་ལས་བྱུང་བ་ཞིག་ཆགས་ཡོད། སྤྱིར་མང་གཙོའི་ནང་རང་དབང་དང་། འདྲ་མཉམ། དྲང་བདེན། མི་མང་གི་མངོན་འདོད་གཙོ་བོར་གཞིར་བཞག་ནས་སྤྱི་ལ་ཕན་པའི་ལས་དོན་སྒྲུབ་དགོས་པ་སོགས་ཀྱི་གསུང་བཤད་གནང་རྗེས་ཚོགས་བཅར་བ་སློབ་ཕྲུག་རྣམས་ནས་དོ་སྣང་ཆེན་པོའི་ངང་ནས་དྲི་བ་འདོན་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་ནས་ལན་འདེབས་གསལ་བཤད་གནང་བ་བཅས་ཀྱི་གནས་ཚུལ་དུ།།