ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༩ ནས་ཟླ་ ༩ ཚེས་ ༣ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ པ་དེ་བཞིན་རྡ་རམ་ས་ལའི་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་ཁང་དུ་སྐོང་ཚོགས་གནང་ཡོད་པ་ལྟར་ཕྱི་ཚེས་ ༢༩ ཉིན་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་གནང་ཡོད་པ་དང་། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། གཞོན་ནུའི་མཐུན་གཞས་བཏང་། གཞོན་ལྷན་དབུས་རྒྱུན་ཚོགས་གཙོ་མཆོག་གིས་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དང་། ས་རྒྱུན་ལོ་ ༡༥ ལྷག་གནང་མཁན་ལ་གཟེངས་རྟགས། ས་གནས་ལས་དོན་རྩེ་ཕུད་ཀྱི་གཟེངས་རྟགས། རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ། རང་བཙན་གཟེངས་རྟགས། བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས། སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་བཅས་དམིགས་བསལ་སྐུ་མགྲོན་མཆོག་དང་། སྐུ་མགྲོན་གཙོ་བོ་མཆོག སྐུ་མགྲོན་སྤྱི་ལྷན་ཚོགས་གཞོན་མཆོག་བཅས་ཀྱི་ཕྱག་ནས་གནང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་ཕེབས་ཏེ་གསུང་བཤད་ཀྱང་གནང་ཡོད་པ་དང་། གསུང་བཤད་ནང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་ངོ་སྤྲོད་གསུང་གནང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུར་མཚོན་པ་ཡིན་ན། ལས་འགུལ་ཤུགས་ཆེན་པོ་སྤེལ་གྱི་ཡོད་པ་དང་། སྤེལ་བ་ཙམ་དུ་མ་ཟད་ལས་འགུལ་དེ་ཚོར་རྒྱལ་སྤྱིའི་ནང་ལོགས་ནས་གདེང་འཇོག་ཆེན་པོ་བཞག་སྟེ་སེམས་འགུལ་ཐེབས་ཐུབ་པ་དེ་འདྲ་བྱུང་ཡོད་པ་རེད། དེ་བཞིན་ང་ཚོ་བཙན་བྱོལ་གྱི་ནང་ལོགས་ལ་ཡིན་ནའང་དབུས་སའི་རྒྱུན་ལས་རྣམ་པས་སྐུ་ལས་བསྐྱོན་ཏེ། སྤྱི་ཚོགས་བདེ་དོན་གྱི་གནས་སྟངས་ཐོག་ལའང་ཞབས་ཞུ་ཞུ་ཡི་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འགོ་བཙུགས་ནས་ད་ལྟའི་བར་དུ་ལོ་ ༥༠ ལ་ཉེ་བ་ཆགས་འགྲོ་ཡི་ཡོད་པ་དང་། དེའི་རིང་ལ་དབུས་སའི་རྒྱུན་ལས་ཀྱི་ཕྱག་ལས་གནང་མཁན་གྱི་ནང་ནས་ལྷག་བསམ་དང་ཀུན་སློང་ལ་འགྱུར་བ་མེད་པའི་ཐོག་ནས་ཕྱག་ལས་མཐའ་འཁྱོལ་བ་ཙམ་མ་ཟད། ད་ལྟའི་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུ་མཁན་བཀའ་བློན་རྣམ་པའི་ནང་དུ་ཡིན་ན་འདྲ། སྤྱི་འཐུས་ནང་དུ་ཡིན་ནའང་འདྲ། ལས་བྱེད་ནང་ལོགས་ལ་ཡིན་ནའང་རེད་རིམ་པ་མང་པོར་ཕེབས་བསྡད་ཡོད་པ་དང་། དེ་ཚོའི་གྲས་རྣམས་ལྷག་བསམ་དང་རྒྱལ་སྤྱིའི་གནས་སྟངས་ཐོག་གང་ལ་གང་འཚམ་གྱིས་མཁྱེན་རྟོགས་ཡོད་མཁན། ནུས་པ་ཐོན་ཐུབ་མཁན་གྱི་མི་སྣ་སྐྱེད་སྲིང་བྱས་ཡོད་པ་རེད་ཅེས་དང་། ཡང་ཁོང་ནས་སྤྱི་ཚོགས་ནང་བསམ་ཚུལ་མ་འདྲ་བ་དང་ལས་འགུལ་མ་འདྲ་བ་ཡོང་ཆོག་གི་ཡོད་སྟབས། གཅིག་གིས་གཅིག་ལ་གུས་ཞབས་དང་བརྩི་བཀུར་ཞུ་དགོས་ལ། གནས་སྟངས་ག་རེ་ཡིན་ནའང་བོད་མི་རིགས་ལ་ཕན་པ་ཞིག་དང་། བོད་ཀྱི་མ་འོངས་པར་ཕན་པ་ཞིག་ཡིན་ན་དེ་ལ་ཞབས་འདེགས་གནང་ཐུབ་པ་ཞིག་དགོས་ཞེས་དང་། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་འོས་བསྡུའི་སྐབས་ཕན་ཚུན་འཐེན་རྩོད་ཀྱིས་བཟང་སྤྱོད་དང་མི་མཐུན་པ་བྱུང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བ་དང་འབྲེལ་ནས་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་མཛད་པ་རྣམས་ཚང་མས་ཉམས་ལེན་ཡག་པོ་བྱ་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་གཙོ་གྱུར་མཛད་འཕྲིན་རྒྱ་ཆེ་ལ་རྒྱུན་མི་ཆད་པ་བསྐྱངས་དང་སྐྱོང་བཞིན་པ་དང་། ལྷག་པར་བོད་མིར་བཀའ་དྲིན་ཇི་ལྟར་བསྐྱངས་དང་སྐྱོང་བཞིན་པ་རྣམས་ཡིད་ལ་དྲན་བཞིན་བཀའ་དྲིན་དྲན་ཤེས་གནང་ཐུབ་དགོས་པ་དང་། དེ་བཞིན་གཞོན་སྐྱེས་རྣམས་ཀྱིས་ང་རང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་འདི་རང་དབང་ཡོད་པའི་རྒྱལ་ཁབ་གཞན་དང་མི་འདྲ་བར་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་ལས་དོན་གང་ལའང་གཟབ་ནན་དགོས་གལ་སྐོར་དང་། བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ལས་དོན་ཞུ་སྒོ་རིགས་གཅིག་ཉ་ཉུང་མཉམ་བསྲེས་ཀྱིས་གནང་རྒྱུ་མེད་པ་དང་། ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ལ་བལྟ་བཞིན་ལས་འགུལ་སྤེལ་ཕྱོགས་བྱ་དགོས་སྐོར། རྒྱ་དམར་གྱིས་གཞོན་ལྷན་སྒྲིག་འཛུགས་ལ་འཇིགས་སྐུལ་རིང་ལུགས་པ་ཡིན་ལུགས་བཤད་པ་གཞི་རྩ་མེད་པའི་སྐད་ཆ་ཡིན་པ། ན་གཞོན་ཚོས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཐུགས་སྣང་དང་སློབ་སྦྱོང་གནང་དགོས་སྐོར་སོགས་ཀྱི་བཀའ་སློབ་གནང་ཡོད།
ད་རེས་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གདན་ཞུས་ལྟར་ཕེབས་ཡོད་པ་མ་ཟད། བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ཡོད་པ་རེད། གཞོན་ནུའི་ཚོགས་ཆེན་ཐེངས་ ༡༦ པ་འདིར་འཐུས་མི་གྲངས་ ༡༣༠ ལྷག་ཚོགས་ཞུགས་གནང་ཡོད་ཅིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིར་བསྐྱར་བཅོས་གྲོས་འཆར་སོགས་གྲོས་གཞི་ཁག་འགྲེམས་སྤེལ་གནང་འདུག་པའི་ཐོག་བཀའ་བསྡུར་བགྲོ་གླེང་གནང་རྒྱུ་ཡིན་འདུག་པ་མ་ཟད། མཇུག་ཏུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་འདེམས་བསྐོ་གནང་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་བསྡུས་སུ།