དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་བཅའ་སྡོད་ཐའེ་ཝན་གྱི་གཞུང་ཚབ་དང་མཇལ་འཕྲད་གནང་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ནས་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་བཅའ་སྡོད་ཐའེ་ཝན་གྱི་གཞུང་ཚབ་སྐུ་ཞབས་ཀེར་བྷའོ་ཞོན་ (Baushuan Ger) མཆོག་དང་མཇལ་འཕྲད་གནང་བ་དང་། སྐབས་དེར་ཐའེ་ཝན་དང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ། དེ་བཞིན་ཐའེ་ཝན་དང་བོད་མིའི་དབར་འབྲེལ་བ་དམ་ཟབ་གནང་ཕྱོགས་ཐད་བཀའ་མོལ་ལྷུག་པོ་གནང་འདུག
དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་ཐའེ་ཝན་གཞུང་ཚབ་ཀྱི་ངོས་ནས་ཐའེ་ཝན་དང་བོད་མི་དབར་འབྲེལ་བ་དམ་ཟབ་ཡོང་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་གི་ཡོད་པ་དེ་དག་ང་ཚོས་ཤེས་ཀྱི་ཡོད། དེར་བཙན་བྱོལ་བོད་མིའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་མཉམ་དུ་མ་འོངས་པའི་ལས་དོན་བྱེད་ཕྱོགས་རེད། མང་གཙོའི་ལེགས་བྱང་ཕན་ཚུན་བརྗེ་ལེན་དང་འཕེལ་རྒྱས་གཏོང་རྒྱུ། དེ་བཞིན་ཐའེ་ཝན་དང་བོད་མི་མང་དབར་མཛའ་བརྩེ་དམ་ཟབ་ཡོང་རྒྱུར་མ་འོངས་ཀྱི་བྱེད་འཆར་ཐོག་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་བཞིན་གཞུང་ཚབ་ངོས་ནས་ཀྱང་དེ་བཞིན་འདུན་པ་ཡོད་པ་གསུངས་གནང་ཡོད་འདུག
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གསུངས་དོན། དེ་སྔ་ཕྱི་ལོ་ ༢༠༢༢ ཟླ་ ༤ པའི་ནང་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐུགས་འཕྲད་སྐབས་སུའང་གཞུང་ཚབ་ཁོང་ཉིད་ཡིན་པ་དང་། ད་རེས་སླར་ཡང་ཐུགས་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་ཞུས་གནང་ཡོད་འདུག
ཐེངས་འདིའི་མཇལ་འཕྲད་སྐབས་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་མཉམ་བཅར་ཞུས་ཡོད་པ་རེད།