དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་སྤྱི་འཐུས་ནས་རྩ་དགོངས།

མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་གྱིས་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་། རྒྱུན་ལས་ཐུན་མོང་གི་མཚན་ཐོག་ཏུ་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༡ འཁོད་སྙན་ཕུལ་འབྱོར་ནང་། ཁོང་གི་སྒེར་གྱི་རྒྱུ་མཚན་དབང་གིས་སྐབས་ ༡༥ པའི་སྤྱི་འཐུས་ནས་རྩ་དགོངས་ཞུ་བཞིན་ཡོད་ཚུལ་འཁོད་འདུག་པ་དང་།

སྙན་ཞུའི་ནང་། གྲོས་ཚོགས་སྐབས་ ༡༥ པ་འགོ་བཙུགས་ནས་ད་བར་ཁོ་བོ་ཚོགས་ཐེངས་གཅིག་དང་གཞུང་དོན་དུ་འཚམས་གཟིགས་ཉིན་ཤས་ཙམ་ལས་དུས་ཁོམ་མ་བྱུང་བ་དང་། སླད་ཕྱིན་ཀྱང་ལས་འབོར་ཐད་ཧི་མ་ལའི་རི་རྒྱུད་དང་།  བོད་ནས་ཕེབས་པའི་རང་རིགས་རྒྱུད་འཛིན་རྣམས་ལ་ཤེས་ཡོན་དང་། རིག་གཞུང་སློབ་གཉེར་ཆེད་ས་གནས་སུ་ཤེས་ཡོན་གྱི་ཚོགས་པ་ཁ་ཤས་ཀྱི་འགན་ཁུར་སྔོན་ནས་བྱེད་དང་བྱེད་བཞིན་ལགས་པ་མ་ཟད། ས་གནས་འབྲེལ་ཡོད་གཞུང་དུ་ཁྲིམས་མཐུན་གྱི་དེབ་འགོད་བྱས་པ་ཞིག་ཡིན་སྟབས་ལས་དོན་ཐད་མུ་མཐུད་རྒྱུན་སྐྱོང་དགོས་པས་རྒྱུ་མཚན་ལ་བརྟེན་དུས་ཚོད་འདེང་མིན་གྱིས་གཞུང་སྒེར་གཉིས་ཐོག་འཐུས་ཤོར་འགྲོ་རྒྱུར་ཟུར་བལྟས་ལེབ་མཐོང་དུ་འཁུམ། འོན་ཀྱང་རྒྱུན་སྲོལ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་དོན་མི་འགལ་ཙམ་གྱི་ཆེད་དུ་ལོ་རེར་ཚོགས་འདུ་ཐེངས་གཅིག་གི་བརྒྱ་ཆ་ལྔ་བཅུ་ལོན་ཙམ་བྱས་ཏེ་མི་ལོ་ལྔ་བསྐྱལ་ན་མི་འཐུས་པ་མེད་ཀྱང་དེ་ནི་མིང་ཙམ་ལས་གཞུང་སྒེར་སུ་ལའང་ཁེ་ཕན་གང་ཡང་མེད་པ་དང་། ལྷག་པར་དུ་ས་གནས་སུ་འཚམས་གཟིགས་སོགས་སུ་ཕེབས་མ་ཐུབ་ཚེ་མི་མང་གི་བདེ་སྡུག་ལ་གཟིགས་རྟོགས་ཞུ་དགོས་པ་དེ་དག་ནི་ཉིན་མོའི་རྨི་ལམ་ཙམ་ཡིན་སྟབས་དེ་དག་འཐུས་ཤོར་མི་འགྲོ་ཆེད་བོད་མི་མང་མདོ་སྟོད་སྤྱི་འཐུས་དང་གྲོགས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་རྩ་དགོངས་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་འདུག །

Menu