དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་ནས་སྐུ་གྲོངས་འདུག

བཞུཊ་སྒར་ངྷ་སར་གནས་སྡོད་ཕ་ཡུལ་མཛོད་དགེ་ནས་ཡིན་པའི་སྐུ་ཞབས་ལེགས་བཤད་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་། སི་ཁྲོན་ཆེན་ཞིང་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ། རང་ལོ་ ༣༠ ཡིན་པའི་བོད་རིཊ་བུད་མེད་དཀོན་མཆོག་དབང་མོ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་སྐབས་ཐོག་དེར་སྐུ་གྲོངས་ཡོད་འདུག

ཁོང་མོས་རང་ལུས་མེར་བསྲེགས་བཏང་མ་ཐག་མཛོད་དགེ་རྫོང་ས་གནས་ཉེན་རྟོག་པ་མང་པོ་ཞིག་འབྱོར་ཏེ་སྐུ་ཕུང་བཙན་ཁྱེར་བྱས་ཡོད་འདུག་ལ། ཉིན་དེའི་ཕྱི་དྲོར་ཉེན་རྟོག་པས་ཁོང་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་སུ་རུས་ཐལ་ཕྱིར་སྤྲོད་བྱས་ཡོད་ཀྱང་། སྐབས་དེར་ཉེན་རྟོག་པས་སྒྲོལ་མ་སྐྱབས་ལཊ་སུ་ཆུང་མ་དཀོན་མཆོག་དབང་མོས་རང་སྲེག་བྱེད་དོན་བཟའ་ཚང་ནང་ཁུལ་གྱི་རྙོག་དྲ་ཡིན་པའི་ཁས་ལེན་བྱ་དགོས་པའི་བཙན་བཀའ་བཏང་བར། སྒྲོལ་མ་སྐྱབས་ལཊ་ཀྱིས་ངོས་ལེན་རྩ་བ་ནས་མ་བྱས་སྟབས་ཁོང་ཡང་སྐབས་ཐོག་དེར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

དཀོན་མཆོག་དབང་མོ་ལགས་ནི་ཕ་ཡུལ་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་མཐའ་བ་ནས་ཡིན་ཞིང་། ཁོང་མོར་ད་ཆར་ཤུལ་དུ་རང་ལོ་ ༨ ཙམ་གྱི་བུ་མོ་ཞིག་དང་རང་ལོ་ ༣༡ ཡིན་པའི་བཟའ་ཟླ་སྒྲོལ་མ་སྐྱབས་གཉིས་ཡོད་འདུག་ལ། སྒྲོལ་མ་སྐྱབས་ལགས་ཀྱི་སྐྱེས་ཡུལ་སི་ཁྲོན་མཛོད་དགེ་བྱམས་མེ་ཕྱུགས་རྭ་སྡེ་བ་ནས་ཡིན་འདུག

དེ་ལྟར་ན་ཕྱི་ལོ་ ༢༠༠༩ ནས་ ༢༠༡༣  ཟླ ༣ ཚེས ༡༦ བར་ང་ཚོས་ཤེས་རྟོགས་ར་འཕྲོད་བྱུང་བ་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས་ ༡༠༩ དང་།   སྐུ་གཤེགས་པའི་མི་གྲངས་ ༩༡  ཆགས་ཡོད་པ་དང་། ད་དུང་གསལ་པོ་མ་ཆགས་པའི་རིགས་ཡོད་འདུག་པ་དང་།  དེ་བཞིན་རྒྱ་གཞུང་གི་དམ་དྲག་འོག་རྩ་བ་ནས་ཤེས་རྟོགས་བྱུང་མེད་པའི་རིགས་ཀྱང་ཡོད་སྲིད།  བོད་ནང་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་སྐབས་སུ་ཡང་།   རང་ལུས་མེར་བསྲེགས་ཀྱིས་ཞི་བའི་རྒོལ་ལངས་གཅིག་མཇུག་གཉིས་མཐུད་ཀྱིས་ད་ལྟའི་སྐབས་གྲངས་བརྒྱ་དང་དགུ་བརྒལ་ཡོད་རུང་།

རྒྱ་ནག་གཞུང་གིས་ད་དུང་ཡང་།  གཉའ་གནོན་དམ་དྲག་གི་སྲིད་བྱུས་འདྲ་མིན་འཆར་གཞི་དང་།  བཀོད་སྒྲིག་བྱས་ཏེ་རྫུན་འགེབས་ཀྱི་གཡོ་འཕྲུལ་འདྲ་མིན་ལག་བསྟར་བྱས་དང་བྱེད་བཞིན་པར་མ་ཟད།    བོད་ས་གང་སར་འཇིགས་སྐུལ་བཙན་གནོན་དང་།  བསུན་གཙེར་ཚད་མེད་བྱས་དང་བྱེད་བཞིན་པ་དང་། བོད་ཀྱི་དགོན་སྡེ་ཆེ་ཁག་དག་གི་སྲོལ་རྒྱུན་ཆོས་དད་རང་དབང་བཙན་ཕྲོགས་བྱས་དང་བྱེད་བཞིན་ཡོད།   ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༣ ཟླ་ ༣ ཚེས་ ༡༩ ཉིན།།