དཀར་མཛེས་དགོན་ཆེན་གྱི་གྲྭ་ཟླ་བ་ཚེ་རིང་གིས་རང་ལུས་མེར་བསྲེགས་བཏང་བའི་ཁ་སྐོང་གནས་ཚུལ།

 

༢༠༡༡ ཟླ་ ༡༠ ཚེས་ ༢༥ ཉིན་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་དཀར་མཛེས་དགོན་དུ་དུས་གཏོར་འཚོགས་བཞིན་པའི་སྐབས། དཀར་མཛེས་དགོན་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་འཆམ་རའི་དབུས་སུ་རྒྱུགས་ཏེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སོགས་ཚོར་ཤུགས་དྲག་པོས་སྐད་འབོད་གནང་འདུག་པ་དང་།   དེ་འཕྲལ་གྲྭ་དམངས་ཀྱིས་གཟན་དང་ཟླ་གམ་སོགས་ཆུར་སྦངས་ཏེ་ཟླ་བ་ཚེ་རིང་ལགས་ཀྱི་ལུས་སྟེང་དུ་འབར་བཞིན་པའི་མེ་བསད་དེ་སྨན་ཁང་དུ་ཁྲིད་འདུག  སྐབས་དེར་གར་ཡོང་འདི་ཡོང་མ་ཤེས་པའི་རྒྱ་དམག་འབོར་ཆེན་ཞིག་གིས་དྲག་ཆས་ཆ་ཚང་སྤྲས་ཏེ་སྨན་ཁང་བསྐོར་བས། ཡུལ་དགོན་གང་སར་ཧ་ཅང་འཇིགས་དངངས་དང་ཛ་དྲག་རྣམས་པས་ཁེངས་པ་དང་། བོད་ནང་གི་ཆུ་ཚོད་ ༧།༣༠ ཙམ་ལ་དཀར་མཛེས་དགོན་པའི་དགེ་འདུན་པ་ཡོངས་རྫོགས་སྨན་ཁང་དུ་བསྐྱོད་དེ་འཚིགས་རྨས་ཐེབས་པའི་གྲྭ་ཟླ་བ་ཚེ་རིང་ལགས་དཀར་མཛེས་དགོན་པར་གདན་འདྲེན་ཞུས་འདུག

 གྲྭ་ཟླ་བ་ཚེ་རིང་ལགས་ཀྱི་ཕ་མིང་ལ་བདེ་ལེགས་དང་། མ་མིང་ལ་སྒྲོལ་མཚོ་ཟེར་ཞིང་། འཁྲུངས་ཡུལ་དཀར་མཛེས་དགོན་པའི་འདབས་སུ་ཆགས་པའི་དཀར་མཛེས་རྫོང་ཁྲིན་པེ་ཤང་ཡུལ་པ་ཁག་རུ་ཁག་གཉིས་པ་ཡིན་ལ། ད་ལྟ་དགུང་ལོ་ ༣༨ ཙམ་ཡིན་འདུག །

དྷ་ས་ཏྲེ་ཧོར་སྐྱིད་སྡུག་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ཁམས་དཀར་མཛེས་དགོན་པའི་ནང་དུ་བོད་ཟླ་༨ ཚེས་༢༨ དང་༢༩ གཉིས་ལ་རྒྱལ་ཆེན་སྐུ་ལྔའི་དུས་གཏོར་ཚོགས་སྲོལ་ཡོད་པ་བཞིན། ལོ་འདིར་ཡང་འཚོགས་ནས་བོད་ཚེས་༢༩ འཆམ་རའི་ནང་གཟིགས་མོ་བ་མི་མང་ཕོན་ཆེ་འདུ་འཛོམས་བྱུང་ཡོད་པ་དང། སྐབས་དེར་གྲྭ་མང་གིས་བསངས་གསོལ་བྱེད་བཞིན་ཡོད་པ་དང་གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང་། ཐོག་མར་དཀར་མཛེས་དགོན་གྱི་ཤར་ཕྱོགས་སུ་ཡོད་པའི་བསངས་གཏོང་སར་བསངས་གསོལ་གནང་ནས། ཁོང་གི་ལུས་ལ་མེ་སྦར་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་འབོད་བརྒྱབ་པ་དང། མཚམས་དེར་མི་མང་གིས་མཐོང་སྟེ་སྐད་ཅོར་འདྲ་མིན་བརྒྱབས་པར་བརྟེན། ཁོང་གི་སྐད་འབོད་ཀྱི་ནང་དོན་ཚིག་གཞི་དེ་ཙམ་གསལ་པོ་ཐོས་ཐུབ་མེད་པ་རེད།

ས་གནས་སུ་རྒྱ་གར་དུ་ཕེབས་མྱོང་མཁན་ཞིག་ལ་ཁོང་གི་སྐད་འབོད་ཀྱི་ནང་དོན་གང་རེད་ཅེས་འབྲེལ་བ་བྱས་པར། ཁོང་གིས། རྒྱ་གར་དུ་ཁྲོམ་སྐོར་བྱེད་སྐབས་བོད་མི་ཚོས་སྐད་འབོད་བྱེད་སྲོལ་ཡོད་པ་དེ་དང་གཅིག་མཚུངས་རེད་ཅེས་གནས་ཚུལ་མཁོ་སྤྲོད་གནང་བ་དང་། དེ་བཞིན་དེར་འཛོམས་ཡོད་པའི་དགེ་འདུན་པ་དང་མི་སྐྱ་ཚང་མས་མཉམ་རུབ་ཀྱིས་སྐད་འབོད་བརྒྱབ་པ་དང་ལྷན་དུ་ཁོང་གི་སྐུ་གཟུགས་ཀྱི་མེ་གསོད་ཐུབ་ཙམ་བྱུང་ནས། དེར་ཡོད་གྲྭ་མང་དང་མི་མང་གིས་རླངས་འཁོར་ནང་བཞག་སྟེ་དཀར་མཛེས་རྫོང་མི་མང་སྨན་ཁང་དུ་ཁྲིད་ནས་ཆུ་ཚོད་གཉིས་ཙམ་བཞག་པའི་རིང་། ཁོང་གིས། ངས་རང་ལུས་ལ་མེ་སྦར་བ་འདི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡིན་པས། ང་ལ་སྨན་སྤྲད་པ་དང་ཁབ་རྒྱག་པ་སོགས་གང་ཡང་བྱེད་མི་དགོས་ཞེས་གསུངས་འདུག   སྨན་ཁང་དུ་བསྡད་པའི་རིང་ཉེན་རྟོག་པ་དང་དམག་མིས་མཐར་བསྐོར་ནས་ནང་མི་སྤུན་མཆེད་སོགས་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང། སྨན་ཁང་དུ་ཉེན་རྟོག་པས་མེ་བསྲེགས་ཐེབས་པའི་ཟླ་བ་ཚེ་རིང་ལགས་ཀྱི་ལུས་པོ་པར་བརྒྱབ་ཡོད་ཅིང་། སྐབས་དེར་རྒྱ་ནག་ཉེན་རྟོག་པ་ཚོས་ཟླ་བ་ཚེ་རིང་ཁོང་རྒྱ་ནག་ཏུ་སྨན་བཅོས་ལ་འཁྲིད་ཀྱི་ཡིན་ཞེས་བརྗོད་ཡོད་པས། ཁོང་རྒྱ་ནག་ཏུ་འཁྲིད་འཆར་ཡོད་པའི་སྐོར་དཀར་མཛེས་དགོན་གྱི་འབྲེལ་ཡོད་དགེ་འདུན་པ་དང་མི་མང་གིས་ཤེས་རྟོགས་བྱུང་ནས་སྨན་ཁང་དུ་བསྐྱོད་པ་དང། སྐབས་དེར་ཉེན་རྟོག་པ་དང་དམག་མིས་མི་མང་དང་གྲྭ་མང་བཀག་འགོག་བྱས་ཡོད་ཀྱང་། མི་མང་དང་གྲྭ་མང་འབོར་ཆེན་གྱིས་ཁོང་དཀར་མཛེས་དགོན་དུ་གདན་འདྲེན་ཞུ་ཐབས་ལ་འབད་བརྩོན་ཤུགས་ཆེ་བྱས་ཡོད་པས། རྒྱ་མིའི་ཉེན་རྟོག་པ་དང་དམག་མིས་མི་མང་གི་དབར་འཁྲུག་འཛིང་ཡོང་བར་དོགས་ནས་ཟླ་བ་ཚེ་རིང་ལགས་དཀར་མཛེས་དགོན་དུ་གདན་འདྲེན་ཞུ་རུ་འཇུག་དགོས་བྱུང་ཡོད་འདུག

དེ་ལྟར་བྱེད་དགོས་དོན་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ན་ཉེས་རྡུང་ཚོད་མེད་གཏོང་ངེས་པར་བརྟེན། རྒྱ་གཞུང་གི་ལྟ་རྟོག་འོག་ནས་འཇོག་བློས་མ་བཟོད་པར་དཀར་མཛེས་དགོན་པའི་ནང་དུ་གདན་འདྲེན་ཞུས་པ་ཞིག་ཡིན་འདུག ཟླ་བ་ཚེ་རིང་ལགས་ཀྱིས་ནང་མིས་ཁོང་ནང་དུ་གདན་འདྲེན་ཞུ་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། དཀར་མཛེས་དགོན་རང་དུ་གདན་འདྲེན་ཞུས་ནས་ཚེས་༢༥ ཉིན་གྱི་དགོང་མོ་བོད་ནང་གི་ཚོུད་༨།༣༠ ཙམ་ནས་གྲྭ་ཟླ་བ་ཚེ་རིང་ལགས་ཀྱི་ཆེད་དུ་གསོལ་འདེབས་སྨོན་ལམ་འདོན་གནང་འདུག ད་ལྟའི་ཆར་གྲྭ་ཟླ་བ་ཚེ་རིང་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་མི་འདུག་ཀྱང། སྐུ་འདས་གྲོངས་སུ་གྱུར་མེད་པའི་གནས་ཚུལ་གོ་གི་འདུག