དཀར་མཛེས་དགོན་ཆེན་གྱི་གྲྭ་ཟླ་བ་ཚེ་རིང་གིས་རང་ལུས་མེར་བསྲེགས་བཏང་འདུག

སྤྱི་ཟུར་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༥ ཉིན་བོད་ནང་གི་ཆུ་ཚོད ༡༢ ཡས་མས་ཐོག་ཁམས་དཀར་མཛེས་དགོན་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག  དེ་ཡང་རྒྱུན་སྲོལ་ལྟར་དཀར་མཛེས་དགོན་དུ་དུས་གཏོར་ཚོགས་པའི་སྐབས་དུས་གཏོར་འཆམ་རའི་ནང་དགེ་འདུན་འདུས་ཚོགས་དང་དད་ལྡན་ཡུལ་མི་གང་ཙམ་ཞིག་འཛོམས་ཡོད།  སྐབས་དེར་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་ལ་ས་སྣུམ་བཤོས་ནས་མེ་སྤར་ཏེ་མེ་ལྕེའི་གསེབ་ནས། ༸རྒྱལ་བ་རིན་པོ་ཆེ། བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས་ཞེས། སོགས་འབོད་སྒྲ་སྒྲོག་བཞིན་གློ་བུར་དུ་མེས་ཤུགས་ཆེར་འཚིགས་ནས་འགྱེལ་འདུག སྐབས་དེར་དགེ་འདུན་པ་དང་ཡུལ་མི་ཚོས་སྐྱོབ་ཐབས་གང་དྲག་བྱས་ཀྱང་། མེ་ལྕེ་འབར་ཤུགས་ཆེ་དྲགས་པས་མེ་གསོད་ཐུབ་མེད། ཁོང་སར་འགྱེལ་རྗེས་དགེ་འདུན་པ་ཚོས་སྨན་ཁང་དུ་བསྐྱལ་ཡོད། འོན་ཀྱང་ད་ལྟ་ཁོང་འཆི་གསོན་གྱི་གནས་སྟངས་ཐོག་གསལ་ཁ་གང་ཡང་བྱུང་མེད་ཅེས་འཁོད་འདུག་པ་དང་།

གནས་ཚུལ་ཡོང་ཁུངས་གཞན་ནས་བཤད་པ་ལྟར་ན། མེར་བསྲེགས་ཀྱི་དུས་ཚོད་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ཡིན་པ་དང་། ཟླ་བ་ཚེ་རིང་ལགས་ཀྱི་ཕ་མིང་ལ་བདེ་ལེགས་དང་མ་མིང་ལ་སྒྲོལ་མཚོ་ཟེར་བ་དང་། དཀར་མཛེས་དགོན་པའི་ནང་སྔར་སྲོལ་འཆམ་རྒྱག་བཞིན་པའི་སྐབས། ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་ལ་མེ་སྦར་བཞིན་འཆམ་རའི་དབུས་སུ་རྒྱུགས་ཏེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་སྐད་འབོད་ཤུགས་དྲག་བྱས་འདུག་པ་དང་། གྲྭ་དམངས་ཀྱིས་འཚིགས་བསྲེགས་ཐེབས་པའི་ཟླ་བ་ཚེ་རིང་ལགས་སྨན་ཁང་དུ་བསྐྱལ་ཏེ་དུས་ཡུན་གང་ཙམ་སྔོན་ཡང་བསྐྱར་དགོན་པར་ཁྲིད་འདུག་པ་དང་། འཚིགས་བསྲེགས་ཐེབས་ཚད་ཚབས་ཆེན་ཡིན་སྟབས། གསོན་པའི་རེ་བ་དེ་ཙམ་མེད་ལུགས་ཀྱང་། ད་ལྟའི་ཆར་འདས་གསོན་གྱི་གནས་སྟངས་གསལ་པོ་མི་འདུག །
Menu