ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

 

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༣༠ ཉིན་ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་ (Huang Yu-Lin, President, Taiwan Foundation for Democracy) ལགས་ཀྱིས་སྣེ་ཁྲིད་འོག ཐེབས་རྩ་ཁང་གི་སློབ་སྟོན་པ་སྐུ་ཞབས་ (Wu Kuo pen, Advisor, Overseas Compatriot Culture and Education Foundation) ལགས་དང་། འགན་འཛིན་གཞོན་པ་སྐུ་ཞབས་ (Wu Ping-Tsung, Deputy Director, Taiwan Foundation for Democracy) ལགས་བཅས་ལས་གྲུབ་པའི་ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་འདུག

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཀྱི་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་། དེ་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་སྦྲགས། རྒྱ་ནག་དམར་གཞུང་གིས་བོད་ནང་གདུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་སླེབས་ཐུབ་དགོས་སྐོར་དང་། དེ་བཞིན་ཐེ་ཝན་དང་། ཡུ་གུར། ནང་སོག་བཅས་མཉབ་རུབ་ཀྱི་ཐོག་ནས་རྒྱ་ནག་དམར་གཞུང་གི་ཁྲིམས་འགལ་བྱ་སྤྱོད་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཐེར་འདོན་དང་། ཐུན་མོང་གི་དམིགས་ཡུལ་འགྲུབ་ཐབས་གནང་དགོས་སྐོར། གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ལ་ཡོད་པའི་ཐེ་ཝན་གཞུང་ཚབ་ཁང་ཁག་གི་གནད་ཡོད་མི་སྣ་མཇལ་འཕྲད་གནང་བའི་སྐོར་དང་། དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཐེ་ཝན་སྐུ་ཚབ་ཚོགས་ཆུང་སྣེ་ལེན་ཞུ་རྒྱུ་བྱུང་བའི་སྐོར། ཐེ་ཝན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབར་མུ་མཐུད་འབྲེལ་བ་རྒྱུན་འཁྱོངས་གནང་དགོས་སྐོར་སོགས་གསུངས་གནང་འདུག

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན་སྙིང་པོར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག ཕྱི་ལོ་ ༡༩༦༠ ཟླ་ ༩ པའི་ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་ནས་བཟུང་ད་བར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཇི་བྱུང་སྐོར་ངོ་སྤྲོད་ཞིབ་ཕྲ་དང་། བོད་མི་མང་སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་ཏེ་བོད་དོན་ཞུ་སྐུལ་དང་། རྒྱལ་སྤྱིའི་ཚོགས་འདུ་ཁག་ལ་མཉམ་ཞུགས་གནང་བཞིན་ཡོད་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད། དེ་བཞིན་བོད་དང་། ཐེ་ཝན། ཡུ་གུར། སོག་པོ། ཧོང་ཀོང་བཅས་ཐུན་མོང་ཐོག་ལས་དོན་སྤེལ་དགོས་སྐོར་སོགས་གསུངས་གནང་སོང་།

ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་ (Huang Yu-Lin) ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་འོག་བྱུང་བའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་བསྔགས་བརྗོད་དང་འབྲེལ། དེ་ཉིན་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” ནང་གསལ་བ་ལྟར། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་པེ་ཅིང་ལ་ཆིབས་བསྒྱུར་མཛད་སྐབས་རྒྱ་ནག་དམར་ཤོག་གི་འགྲོ་སྟངས་མཁྱེན་པ་གནང་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་ཆིབས་བསྒྱུར་མཛད་སྐབས། རྒྱ་གར་གྱི་མང་གཙོའི་འགྲོ་སྟངས་ལ་མཁྱེན་རྟོགས་བཅས་བྱུང་རྗེས། མང་གཙོའི་འགྲོ་ལུགས་དེ་ཧ་ཅང་ཡག་པོ་དང་། གལ་ཆེར་གཟིགས་ནས། བཙན་བྱོལ་བོད་གཞུང་དེ་ཉིད་མང་གཙོའི་ལམ་ལུགས་ལྟར་བསྐྱོད་རྒྱུའི་དགོངས་པ་བཞེས་ཡོད་སྐོར་ལུང་འདྲེན་གྱིས་མང་གཙོའི་གལ་གནད་སྐོར་དང་། གོང་དུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གསུང་བཤད་གནང་བ་བརྒྱུད་གནད་དོན་མང་པོ་ཞིག་མཁྱེན་རྟོགས་བྱུང་སྐོར། ལྷག་པར་དུ་བོད་མི་དང་། ཐེ་ཝན་དབར་འབྲེལ་བ་སྔར་ལྷག་ཤུགས་ཆེར་གནང་དགོས་སྐོར་སོགས་གསུངས་གནང་འདུག

ཐེབས་རྩ་ཁང་གི་སློབ་སྟོན་པ་ (Wu Kuo pen) ལགས་ཀྱིས་བོད་ཀྱི་ཆོས་དང་། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་ཐོག་མ་འོངས་པར་ཕྱག་ལས་གནང་རྒྱུ་ཡིན་པའི་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ་ལ་བསྔགས་བརྗོད་གནང་སོང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་མགྲོན་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་། མཐར་སྐུ་མགྲོན་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་འདུག

སྐབས་དེའི་མཇལ་འཕྲད་སྐབས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་མཉམ་བཅར་ཞུས་འདུག་པ་བཅས། །