ཐའེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༠ ཉིན་སྔ་དྲོ་ཐའེ་ཝན་གྱི་སྐབས་ ༡༦ པའི་སྲིད་འཛིན་གསར་པ་སྐུ་ཞབས་ Lai Ching-te མཆོག་དང་། སྲིད་འཛིན་གཞོན་པ་ལྕམ་  Hsiao Bi-Khim   གཉིས་ལས་འཁུར་དམ་འབུལ་མཛད་སྒོའི་ཐོག་གཞུང་འབྲེལ་གདན་ཞུ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁོངས་སུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོགདང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག དེ་བཞིན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་བོད་མིའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་མཛད་སྒོར་ཆེད་བཅར་གནང་ཡོད་པ་མ་ཟད། གཞན་ཡང་ཐའེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་སོགས་བོད་མི་ཁག་གཅིག་ཀྱང་མཛད་སྒོར་མཉམ་ཞུགས་གནང་འདུག

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར་གསུངས་དོན། ད་རེས་ཐའེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་འཁུར་དམ་འབུལ་མཛད་སྒོའི་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་ཡོད། ཐའེ་ཝན་དང་བོད་གཉིས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་བསྡུས་དབང་འཛིན་འོག་ཞེད་སྣང་དང་། གནོན་ཤུགས། དྲག་སྤྱོད། ས་མཚམས་བརྒལ་བའི་འཇིགས་སྐུལ་བཅས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་བཞིན་མི་མང་གིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་མཁན་ཡིན་དུས། མང་གཙོ་གོང་འཕེལ་བྱུང་བར་འདིར་ཐའེ་ཝན་མི་མང་དང་མཉམ་དུ་མང་གཙོའི་དགའ་སྟོན་ལ་རོལ་བཞིན་ཡོད་ཅེས་སོགས་ངོ་སྤྲོད་གནང་འདུག

གཞན་ཡང་དེ་ཉིན་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཐའེ་ཝན་གྲོས་ཚོགས་ཚོགས་ཁང་ནང་། ཐའེ་ཝན་གྲོས་ཚོགས་སྐབས་ ༡༡ པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་དབུ་འཛུགས་ཀྱི་མཛད་སྒོ་བསྐྱངས། སྐབས་དེར་ཐའེ་ཝན་གྲོས་ཚོགས་བོད་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་ཀུན་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ཧུང་ཧྲིན་ཧན་ (Hung Sun-Han) མཆོག་ནས་གཙོ་སྐྱོང་འོག་ཐའེ་ཝན་གྲོས་ཚོགས་འཐུས་མི་རྣམ་པས་ཚོགས་འདུའི་ཐོག་གཏམ་བཤད་དང་། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་རྣམ་པས་གསུང་བཤད་དང་ཐུགས་རྗེ་ཆེ་ཞུ་ཞུས་གནང་ཡོད་པ་རེད། དེ་བཞིན་ཕྱོགས་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་མ་འོངས་ལས་དོན་གནང་ཕྱོགས་སྐོར་གྲོས་གཞི་གྲོས་ཆོད་ཁག་ཅིག་གཏན་འབེབས་ཀྱིས་ཚོགས་འདུ་རྒྱལ་ཁའི་ངང་མཇུལ་བསྒྲིལ་གནང་འདུག ཐེངས་འདིའི་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་མིའི་ནང་སྲིད་དོན་ཚོགས་པ་གསུམ་གྱི་གྲོས་ཚོགས་འཐུས་མི་ཁྱོན་ ༣༡ གིས་ཐོ་འགོད་མཚན་རྟགས་གནང་ཡོད་པ་རེད།

དེ་ཉིན་དགོང་དྲོ་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧུང་ཧྲིན་ཧན་མཆོག་ནས་ཆེད་དུ་ཐའེ་ཝན་ནང་ཕེབས་པའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་རྣམ་པ་དང་། དོན་གཅོད་ཁང་གི་ལས་བྱེད་རྣམ་པར་དགོང་དྲོའི་གསོལ་སྟོན་བཤམས་གནང་ཡོད་པ་རེད།

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཕྱི་ཟླ་ ༥ ཚེས་ ༡༦ ཉིན་ཐའེ་ཝན་དུ་ཕེབས་འབྱོར་དང་། དེ་ཉིན་ཕྱི་དྲོ་ཐའེ་ཝན་གཞུང་གི་གནད་ཡོད་དཔོན་རིགས་མཇལ་འཕྲད་དང་། དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་ཐའེ་ཝན་ཞི་བདེ་ཡུན་བརྟན་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་  Chen-Ming-Huang ལགས་ནས་ཕེབས་བསུའི་གསོལ་སྟོན་བཤམས་གནང་ཡོད་པ་རེད།

ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཙོས་པའི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ནས་གོ་སྒྲིག་ཞུས་པའི་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་དམར་གཞུང་གིས་བཙན་འཁྲིད་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༩ འཁོར་བའི་དྲ་ཐོག་གསར་འགོད་གསལ་བསྒྲགས་གནང་བའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད། སྐབས་དེར་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་ཀྱང་ཕེབས་གནང་ཡོད་པ་རེད།  དེ་ནས་དགོང་དྲོ་ཚོུད་ལྔ་པ་ནས་དྲུག་པ་བར་ཐའེ་ཝན་གཞུང་འབྲེལ་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་ཕན་ཚུན་བཀའ་མོལ་ལྷུག་པོ་བྱུང་ཡོད།

ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གོ་སྒྲིག་གནང་བའི་ཆོས་ཕྱོགས་ཀྱི་མཛད་རིམ་སྟེ་སྔ་དྲོ་ས་གནས་བོད་མི་དང་། བོད་བརྒྱུད་ནང་བསྟན་དད་ལྡན་བ་བཅས་དང་མཉམ་དུ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་ཧཱ་ཀ་ལའི་རྗེས་གནང་བཀའ་དྲིན་རྩལ་བ་དྲ་ལམ་ཐོག་མཉམ་ཞུགས་དང་། དེ་རྗེས་ས་གནས་བོད་མི་རྣམས་ལ་བཀའ་སློབ། ཕྱི་དྲོ་ “བཀྲ་ཤིས་བདེ་ལེགས། ཐའེ་ཝན།” ཞེས་ཐའེ་ཝན་གྲོས་ཚོགས་འཐུས་མི་དང་མང་ཚོགས་མཉམ་དུ་བོད་དོན་གླེང་སྟེགས་ཐོག་བཀའ་སྤྱིའི་སྐུ་ཚབ་ཚོགས་མི་རྣམ་པས་གསུང་བཤད་དང་དྲི་བར་ལན་འདེབས་བཅས། དགོང་དྲོ་ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་ཟུར་པ་སྐུ་ཞབས་ཧུའང་ཡུས་ལིང་མཆོག་དང། སློབ་སྟོན་པ་སྐུ་ཞབས་ཝུ་གོ་པིན་ལགས་ནས་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་དགོང་སྟོན་ཐོག་མཉམ་ཞུགས་གནང་།

ཕྱི་ཟླ་ ༥ ཚེས་ ༡༩ ཉིན་ཐའེ་སྡོད་བོད་རིགས་ཚོགས་པ་ནས་ཉིན་གུང་གསོལ་སྟོན་དང་། དེ་བཞིན་གཞུང་གི་གནད་ཡོད་གལ་ཆེའི་དཔོན་རིགས་མཇལ་འཕྲད། བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་གཟིགས་ཞིབ་སོགས་ཀྱི་ལས་རིམ་ནང་མཉམ་ཞུགས་གནང་ཡོད་པ་རེད།

ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཐའེ་ཝན་ནང་གི་མཛད་རིམ་ལེགས་གྲུབ་བྱུང་སྟེ་ཕྱི་ཚེས་ ༢༡ སྔ་དྲོ་ཐའེ་ཝན་ནས་རྒྱ་གར་དུ་ཕྱིར་ལོག་གནང་ཡོད་པ་བཅས།