ཐའེ་ཝན་དང་ཨ་རིའི་གཞུང་ཚབ་མི་སྣ་སོགས་མཇལ་འཕྲད་ཀྱིས་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཐེངས་གཉིས་པའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ལེགས་པར་གྲུབ་པ།

༄༅། །ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གི་སྔོན་རྩིས་ཀྱི་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་གྲོལ་མ་ཐག སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༤ ནས་ཚེས་ ༩ བར་རྒྱལ་ས་ལྡི་ལིར་སྤེལ་བའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དེ་ཉིད་ལེགས་པར་གྲུབ་འདུག

བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་འདས་པའི་ཉིན་གྲངས་དྲུག་གི་རིང་། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཁག་ ༤ དང་། མངའ་སྡེའི་ཆབ་སྲིད་ཚོགས་པ་ ༡༠ ལྷག་ལ་ཆེད་བཅར་གནང་སྟེ་འབྲེལ་མཐུད་དང་རྒྱུས་ལོན་བྱས་ཡོད་པ་དང་། དེ་བཞིན་རྒྱ་གར་དབུས་གཞུང་གི་བློན་ཆེན་ལས་ཐོག་དང་བློན་ཆེན་ཟུར་པ་གཙོས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁྱོན་ ༤༣ ལ་ཐུག་འཕྲད་དང་། གཞན་ཡང་ཐའེ་ཝན་དང་ཨ་རི་གཙོས་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཁ་ཤས་སུ་ཆེད་བཅར་ཞུས་ཏེ་ཞུ་གཏུགས་ཀྱི་བརྗོད་གཞི་ཁག་གི་ཐོག་ཞུ་སྐུལ་གནང་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཞུ་སྐུལ་གྱི་བརྗོད་གཞི་གཙོ་བོ་ནི། ༡༽ ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་མི་ལོ་ ༦༣ རིང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པ་དང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཡུལ་སྲོལ་གོམས་གཤིས་རྩ་གཏོར་གྱིས་རྐྱེན་པས་ད་བར་བོད་མི་ ༡༥༨ གྱིས་རང་ལུས་མེར་བསྲེགས་ཀྱི་ཡ་ང་བའི་གནས་སྟངས་བྱུང་བའི་སྐོར། ༢༽ བོད་ནང་གི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་དང་། ཁོར་ཡུག་སྲུང་སྐྱོབ་པ། དེ་བཞིན་རྩོམ་པ་པོ་རྣམས་ལ་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པའི་གནས་སྟངས། ༣༽ རྒྱ་ནག་གཞུང་གིས་ཡར་རྒྱས་ལ་ཁག་དཀྲི་སྟེ་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་བཟོ་བཞིན་པའི་སྐོར། ༤༽ རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུ་གྲོས་ཚོགས་འཐུས་མི་གང་མང་མཉམ་ཞུགས་ཡོང་ཐབས། ༥༽ རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་པའི་དྲྭ་ཚིགས་སླར་གསོ་བྱ་རྒྱུ་སོགས་ཡིན་པ་རེད།


དེ་ཡང་སྤྱི་ཚེས་ ༧ རེས་གཟའ་ཕུར་བུ་བོད་དོན་ཞུ་སྐུལ་ཉིན་བཞི་པའི་སྔ་དྲོར། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་འོག་མའི་ཨ་རུ་ན་ཅལ་ཤར་ཕྱོགས་ཀྱི་འཐུས་མི་སྐུ་ཞབས་ ཊ་པེ་ ཀོའོ་ (Shri. Tapir Gao, Lok Sabha MP from Arunachal East) དང་མཇལ་འཕྲད་གནང་བ་དང་། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Bharatiya Janata Party (BJP) ཡི་སྤྱི་ཁྱབ་འགན་འཛིན་གཞོན་པ་དང་། གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ བྷེ་རྗ་ཡ་ཐི་ རྗེ་ པན་དྷ་ (Baijayant Jay Panda) དང་མཇལ་འཕྲད་ཀྱིས་ཆབ་སྲིད་ཚོགས་པ་དེར་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་རྗེས། ཉིན་རྒྱབ་ཆུ་ཚོད་ ༣།༢༠ ཐོག བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཐའེ་ཝན་གཞུང་ཚབ་སྐུ་ཞབས་ པོ་ཧྲན་ (Baushuan Ger, Amb. Representative) དང་། སྐུ་ཞབས་ ཁྲེང་མུའུ་མིན་ (Mumin Chen, Deputy Representative) སྐུ་ཞབས་ རོའོ་བྷར་ཋི་ (Robert, HSIEH Bor-Huei, Deputy Representative) སྐུ་ཞབས་ པེ་ཋར་ (Peters L.Y. Chen, Assistant Representative Director, Education Division) དེ་བཞིན་སྐུ་ཞབས་ སི་ཊེ་ཝན་ ལུའུ་ (Steven Liu, Immigration Officer) བཅས་དང་མཇལ་འཕྲད་གནང་སྐབས་ཐའེ་ཝན་གཞུང་ཚབ་ཀྱི་ངོས་ནས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་འདིར་ཆེད་ཕེབས་གནང་པར་དགའ་བསུ་དང་འབྲེལ་ཕན་ཚུན་དབར་གྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུ་དང་རྒྱབ་སྐྱོར་གནང་རེས། ལྷག་པར་དུ་བཙན་བྱོལ་བོད་མིའི་ངོས་ནས་ཐའེ་ཝན་གཞུང་ལ་ཞུ་སྐུལ་ཁག་གི་དོན་གནད་ཐོག་དགོངས་བཞེས་གནང་རྒྱུའི་འབད་བརྩོན་གང་ཐུབ་གནང་རྒྱུ་ཡིན་པ་དང་། ལྷག་དོན་ཕན་ཚུན་གཉིས་དབར་ཤེས་ཡོན་བརྗེ་རེས་བྱེད་རྒྱུའི་གལ་ཆེ་རང་བཞིན་སྐོར་དང་། རྒྱ་གར་དུ་ཡོད་པའི་བོད་པའི་སློབ་ཕྲུག་རྣམས་ལ་དྲྭ་ལམ་བརྒྱུད་སློབ་གཉེར་གནང་རྒྱུའི་མཐུན་རྐྱེན་བསྐྲུན་ཐབས་སྐོར་ལ་ཕན་ཚུན་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད།
དགོང་དྲོ་ཆུ་ཚོད་ ༨ པའི་ཐོག བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Bharatiya Janata Party (BJP) ཡི་གྲོས་ཚོགས་འོག་མའི་ལ་དྭགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ (Shri. Jamyang Tsering Namgyal) མཆོག་དང་མཇལ་འཕྲད་ཞུས།

སྤྱི་ཚེས་ ༨ རེས་གཟའ་པ་སངས་བོད་དོན་ཞུ་སྐུལ་ཉིན་ལྔ་པར། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨ་རི་གཙོས་པའི་རྒྱབ་ཁབ་ཁག་ཁ་ཤས་ཀྱི་སྐུ་ཚབ་དང་མཇལ་འཕྲད་ཞུས་པ་དང་། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Rashtriya Janata Dal ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ ཨཱ་མ་རེ་དྷི་ར་ དྷ་རེ་ སིང་ (Shri, Amarendra Dari Singh, MP Rajya Sabha) དང་མཇལ་འཕྲད་ཞུས་ཡོད་པ་རེད།


སྤྱི་ཚེས་ ༩ རེས་གཟའ་སྤེན་པ་བོད་དོན་ཞུ་སྐུལ་ཉིན་དྲུག་པར། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་ཁོར་ཡུག་བློན་ཆེན་ཟུར་པ་སྐུ་ཞབས་ རྗེ་རམ་ ར་མེ་ཤུ་ (Shri. Jairam Ramesh Former Minister of Rural Development of India) དང་མཇལ་འཕྲད་ཞུས་ཏེ་ལས་འགུལ་ལེགས་པར་གྲུབ་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།

Menu