ཐའེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་འཚམས་འདྲི་དང་འབྲེལ་ཐུགས་རྗེ་ཞུའི་ཕྱག་བྲིས་ཕུལ་བ།

_d8a9130

ཉེ་སྔོན་ཐའེ་ཝན་གྱིས་ New Power Party,Kuomintang Party, Democratic Progressive Party སོགས་ཀྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་མི་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་བའི་ཕྱག་བྲིས་ ༢༠༡༦ ཟླ་ ༡༠ ཚེས་ ༡༡ འཁོད་པ་ཞིག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མཚན་ཐོག་ནས་འབུལ་གནང་ཡོད་པ་རེད། ཕྱག་བྲིས་ནང་ད་རེས་ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་ Ms Xiao Mei Ching མཆོག་དང་། ཁོང་གི་ཚོགས་པས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། རྣམ་འགྱུར་འདིས་ང་ཚོར་སེམས་འགུལ་ཧ་ཅང་ཐེབས་བྱུང་བ་མ་ཟད། བཀའ་དྲིན་ཧ་ཅང་ཚོར་ཐུབ་པ་བྱུང་། བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་གསར་འཛུགས་གནང་བ་དེ་བརྒྱུད་ཁྱེད་རྣམ་པས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་བཞིན་ཡོད་པ་གསལ་སྟོན་གནང་ཡོད། དེར་བརྟེན་ཁྱེད་རྣམ་པས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ང་ཚོས་བཀའ་དྲིན་སྙིང་བཅངས་ཞུ་རྒྱུ་ཡིན། མི་མང་གི་མངོན་འདོད་གཞི་རྩར་བཟུང་བའི་ཐོག་ནས་ཐའེ་ཝན་ནང་མང་གཙོའི་ལམ་ལུགས་ལག་བསྟར་གནང་བཞིན་པ་དེ་ནི་ཨེ་ཤེ་ཡའི་ཁྱོན་དུ་གལ་ཆེའི་མིག་དཔེ་བཟང་པོ་ཞིག་ཏུ་གྱུར་ཡོད་པར་བརྟེན། ང་ཚོས་ཚད་མཐོའི་གདེང་འཇོག་དང་སྦྲགས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། ༸གོང་ས་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་མང་པོ་ཞིག་ཐའེ་ཝན་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པར་བརྟེན། ཐེ་བོད་དབར་ཆོས་ཕྱོགས་ཀྱི་འབྲེལ་ལམ་དམ་ཟབ་འཛུགས་ཐུབ་ཡོད། ཞེས་འཁོད་པ་མ་ཟད། མཐར་ཚོགས་གཙོ་མཆོག་གིས་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་པའི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་། ཐེ་ཝན་དང་ང་ཚོའི་དབར་མཛའ་བརྩེའི་འབྲེལ་ལམ་ཡུན་གནས་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས་འཁོད་ཡོད་པ་རེད།

Menu