ཌེན་ཝར་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཉིས་དང་སློབ་ཕྲུག་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། བོད་འཛམ་གླིང་(Tibet World) ཚོགས་པ་བརྒྱུད་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ ནས་ ༢༤ བར་ཨ་རིའི་ནང་རྟེན་གཞི་བྱས་པའི་ཌེན་ཝར་གཙུག་ལག་སློབ་གཉེར་ཁང་(Denver University) གི་སློབ་དཔོན་གཉིས་དང་། སློབ་གཉེར་བ་གྲངས་ ༡༥ བཅས་བོད་ཀྱི་རིག་གཞུང་སོགས་གོ་རྟོགས་སྤེལ་རིས་ཆེད་བཞུགས་སྒར་རྡ་སར་ཕེབས་ཡོད་པ་ལྟར། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་མཇལ་འཕྲད་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མར་མི་མང་ལ་མང་གཙོ་གསོལ་སྩལ་གནང་བ་དང་། ཕྱི་ལོ་ ༡༩༦༠ ནས་ད་བར་གྱི་མང་གཙོའི་འཕེལ་རིམ་གྱི་སྐོར། བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་བོད་པའི་འཐབ་རྩོད་ཇི་ལྟར་རྒྱུན་སྐྱོང་བྱེད་དགོས་མིན་དང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ནང་ཇི་ལྟར་ཁྱབ་སྤེལ་བྱེད་དགོས་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཇི་ལྟར་གནང་དགོས་པ་སོགས་ཀྱི་བགློ་གླེང་གནང་གི་ཡོད་པ་དང་། ཨ་རི་ལྟ་བུ་རྒྱལ་ཁབ་གཞན་གྱི་ནང་སོ་སོའི་རྒྱལ་ཁབ་ཀྱི་ཕྱི་སྲིད་དང་དཔལ་འབྱོར་སྲིད་བྱུས་སོགས་ཀྱི་སྐོར་བགྲོ་གླེང་གནང་གི་ཡོད་པ་སོགས་བཙན་བྱོལ་བོད་མིའི་གྲོས་ཚོགས་དང་། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ནང་གི་གྲོས་གཞིའི་ཁྱད་པར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ངོ་སྤྲོད་དང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་གི་ལས་དོན་གནང་ཕྱོགས། བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཐོག་འཐབ་རྩོད་གནང་བ་དང་། བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱིས་སེམས་ཤུགས་བཅས་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ད་བར་བོད་ཐོག་འཛིན་པའི་གདུག་རྩུབ་ཆེ་བའི་སྲིད་བྱུས་རྣམས་ལམ་ལྷོངས་བྱུང་མེད་སྐོར། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་ ༡༥༤ ཡིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བ་དང་། རྒྱ་ནག་གཞུང་གིས་བོད་ཡུལ་འདི་ཉིད་རྒྱ་ནག་དམར་པོའི་འོག་གཡུལ་ས་ (War Zone) ལྟ་བུར་བཟོ་བཞིན་ཡོད་པ་དེས་བོད་ཙམ་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཉེན་ཁ་ཆེན་པོ་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། མཐོ་སྒང་བོད་ནི་ཨེ་ཤི་ཡའི་རྒྱལ་ཁབ་མང་ཆེ་བའི་ཆུའི་འབྱུང་ཁུངས་ཡིན་པ་སོགས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ནང་གལ་ཆེ་ཚུལ། ལཊ་ཝི་ཡའི་རྒྱལ་ས་རི་གར་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་སྐོར་དང་། ཉེ་ཆར་བཞུགས་སྒར་རྡ་སར་འཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བཅས་ཀྱི་སྐོར་གསུངས་གནང་ཡོད་འདུག

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་མཐོ་སློབ་ཀྱི་སློབ་དཔོན་རྣམ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་ཅིག་ཕུལ་རྗེས། སློབ་ཕྲུག་རྣམས་ལ་བོད་ཀྱི་འདས་པའི་དངོས་ཡོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གིས་བོད་དོན་ཐོག་མ་འོངས་པར་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་་ཞུས་གནང་ཡོད་འདུག་པ་བཅས། །

 

 

 

 

 

 

Menu