༄༅། །འདི་གར་ཉི་ཧོང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་བྱང་ཀོ་རི་ ཡར་རྒྱུན་ལྡན་འབྲེལ་མེད་ཕུད། དེ་མིན་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཕི་ལི་པིན། ཕྱི་སོག་བཅས་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༥ ཉིན་སེན་རྡའི་(Sendai)གྲོང་ཁྱེར་དུ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་ པའི་(Sendai Tibet Support Network)འགོ་ལས་ཐུན་མོང་གིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ་དང་སྦྲགས། ས་གནས་གཅིག་ནས་ས་གནས་གཞན་དུ་རྒྱབ་སྐྱོར་མཚོན་ཆེད་ས་རྟགས་ཁྱོན་གྲངས་ ༢༤༡༡ བསྡུ་ལེན་ཞུས་ཡོད། ཕྱི་ཚེས་ ༣༠ ཉིན་ཨི་ཤི་ནོ་མ་ཀི་གྲོང་ཁྱེར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ་དང་ འབྲེལ་ས་གནས་སུ་རྒྱབ་སྐྱོར་མཚོན་ཆེད་ས་རྟགས་ཁྱོན་གྲངས་ ༣༥༠ བསྡུ་ལེན་ཞུས་ཡོད།
དེ་ནས་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཊོཀ་ཁྱོའི་ཁྲོམ་གཞུང་དུ་སྐོར་བསྐྱོད་མ་གནང་གོང་སྐུ་ཚབ་དོན་གཅོད་ཀྱིས་ གཙོས་འབྲེལ་ཡོད་མི་སྣ་གསུམ་གྱིས་གསུང་བཤད་གནང་ཡོད་པ་མ་ཟད། ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ ཞབས་མ་ཀི་ནོ་མཆོག་གིས་གསུང་བཤད་གནང་ཡོད། དེ་རྗེས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་ལྷན་བོད་དོན་དང་འབྲེལ་བའི་ཡིག་ཆ་ ཁག་འགྲེམས་སྤེལ་ཞུས། སྐབས་དེར་ཁྱོན་མི་གྲངས་ ༡༥༠ ཙམ་འདུ་འཛོམས་བྱུང་ཡོད། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་ས་རྟགས་ཁྱོན་གྲངས་ ༦༥༥ བསྡུ་ལེན་ཞུས་ཡོད། ཕྱི་ཚེས་ ༡༣ ཉིན་གྲོང་ཁྱེར་ཧི་རོ་ཤི་མར་འབྲས་སྤུངས་སྒོ་མང་གི་དགོན་ལག་འཇམ་དཔལ་དབྱངས་ ཀྱི་ཆོས་ཚོགས་དང་བོད་ཀྱི་གྲོགས་པོ་ཁག་གཅིག་གིས་གོ་སྒྲིག་ཐོག་བདེན་པའི་མེ་ ལྕེའི་ལས་འགུལ་སྤེལ་ཆེད་ཧི་རོ་ཤི་མ་ཞི་བདེ་སྐྱེད་མོས་ཚལ་(Hiroshima Peace Park) དུ་འདུ་འཛོམས་གནང་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་བོད་དོན་སྤྱི་དང་ལས་འགུལ་གྱི་ངོ་བོ་སྐོར་ འགྲེལ་བརྗོད་གནང་ཡོད། ས་གནས་དེར་བོད་དོན་རྒྱབ་སྐྱོར་མཚོན་སླད་ས་རྟགས་བསྡུ་རུབ་གྲངས་ ༧༡ བྱུང་ཡོད། དེ་ནས་ཕྱི་ཚེས་ ༢༨ ཉིན་གྲོང་ཁྱེར་ཡོ་ཀོ་ཧ་མར་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་སྐུ་ཚབ་དོན་ཁང་ གི་དྲུང་ཆེ་ལུང་རྟོགས་ལགས་ཆེད་ཕེབས་ཀྱིས་དེར་འདུ་མང་ཚོགས་ལ་བོད་དོན་སྤྱི་ དང། ལྷག་པར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་འགྲེལ་བརྗོད་གནང། སྐབས་དེར་བོད་དོན་རྒྱབ་སྐྱོར་མཚོན་སླད་ས་རྟགས་གྲངས་ ༥༢ བསྡུ་རུབ་ཞུས་ཐུབ་པ་བྱུང་ཡོད། དེ་བཞིན་གྲོང་ཁྱེར་ཕུ་ཀོ་ཁ་དང་ཨོ་ས་ཀ་བཅས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ དང་འབྲེལ་བོད་དོན་རྒྱབ་སྐྱོར་མཚོན་སླད་ས་རྟགས་འགོད་མཁན་ཁྱོན་མི་གྲངས་ ༣༨ བྱུང་ཡོད།
དེ་ནས་ལྷོ་ཀོ་རི་ཡར་ཀོ་རི་བོད་ཁང་དང་འབྲེལ་བའི་མི་སྣ་ཁག་གིས་བདེན་པའི་མེ་ ལྕེ་སྐོར་བསྐྱོད་གནང་བ་དང་ལྷན། བོད་དོན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་དང་འབྲེལ་ས་རྟགས་བསྡུ་རུབ་ཁྱོན་ གྲངས་ ༦༢༧༠ བྱུང་ཡོད། དེ་བཞིན་སྦུ་སན་གྲོང་ཁྱེར་ནང་བོད་ཀྱི་ནང་ཆོས་སློབ་གཉེར་ཁང་ནས་བོད་དོན་ཡིག་ ཆ་འགྲེམས་སྤེལ་དང་བོད་དོན་རྒྱབ་སྐྱོར་གྱི་ཞུ་སྙན་ཐོག་ས་རྟགས་གྲངས་ ༡༢༥༩ བྱུང་ཡོད་པ་བཅས་ཁྱོན་བསྡོམས་ལྷོ་ཀོ་རའི་ཁུལ་དུ་ས་རྟགས་གྲངས་ ༧༥༢༩ བསྡུ་ལེན་ཐུབ་པ་བྱུང་ཡོད།
དེ་བཞིན་ཕི་ལི་པིན་དུ་བདོ་དོན་རྒྱབ་སྐྱོར་ཚོགས་པ་ཆུང་ངུ་ཞིག་ལས་མེད་ཀྱང་ གནས་སྟངས་ལ་གཞིགས་པའི་བོད་དོན་དང་འབྲེལ་བའི་ཡིག་ཆ་གང་ཐུབ་འགྲེམས་སྤེལ་ཞུས་ པ་དང་ལྷན་ས་རྟགས་ཀྱང་བསྡུ་རུབ་གནང་ཡོད། ཕྱོགས་མཚུངས་ཕྱི་སོག་ཏུ་འོད་ཟེར་རིན་པོ་ཆེ་དང། ཁོང་གི་ཕྱག་རོགས་ཁག་གཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་གནང་ ཡོད་པ་བཅས།།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།