༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠ པའི་ཐོག་ཉི་འོང་གི་ཨོ་ས་ཀའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ Seifu Gakkuin གྱི་སློབ་སྤྱི་གཞོན་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Hiraoka Hiroaki (Vice Principal, Seifu Gakkuin, Osaka) མཆོག་དང་། ཉི་འོང་གྲོས་ཚོགས་འཐུས་མི་ཟུར་པ་དང་། ཉི་འོང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Nagao Takashi མཆོག དེ་བཞིན་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཇལ་འཕྲད་དུ་བཅར་གནང་སོང་།
སྐུ་ཞབས་ Hiraoka Hiroaki མཆོག་དང་། སྐུ་ཞབས་ Nagao Rakashi མཆོག་ལ་མཚོན་ན། ལོ་མང་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།
སྐུ་ཞབས་ Nagao Rakashi དེ་སྔ་ཉི་འོང་གི་གྲོས་ཚོགས་འཐུས་མི་སྐབས་གཉིས་གནང་མྱོང་མཁན་ཞིག་དང་། ཉི་འོང་གི་སྲིད་འཛིན་ཟུར་པ་སྐུ་ཞབས་ Shinzo Abe མཆོག་དང་ཐུགས་འདྲིས་ཉེ་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་གནང་བཞིན་པ་རེད།
སྐུ་ཞབས་ Hiraoka Hiroaki མཆོག་གི་ཡབ་དམ་པ་ནས་ལོ་མང་རིང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ལ་མཐུན་འགྱུར་གནང་མྱོང་ཡོད་པ་དང་། དགུང་ལོ་ ༩༤ ཐོག་ན་ནིང་ལོར་འདས་གྲོངས་སུ་ཕྱིན། སྐུ་ཞབས་ Hiraoka Hiroaki མཆོག་ཀྱང་བོད་པའི་ལས་འགུལ་ཚོགས་པ་ཁ་བའི་འོག་གི་མེ། (Fire under snow) ཡི་ཚོགས་མི་ཞིག་ཀྱང་རེད་འདུག
དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གསུང་དོན། དེ་རིང་ཁྱེད་རྣམ་པ་འདི་ག་དྷ་རམ་ས་ལར་ཕེབས་ནས་ང་ཚོ་ཐུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སོ་སོའི་བསམ་བློའི་ནང་ཉི་འོང་གི་གཞུང་དང་མི་མང་ཚང་མས་བོད་དང་བོད་མི་རྣམས་ལ་སེམས་ཐག་ཉེ་པོ་ཡོད་པ་ཞིག་ཚོར་གྱི་ཡོད། རྒྱུ་མཚན་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༦༧ ནས་འགོ་བཙུགས་ཏེ་ད་ལྟ་བར་ཐེངས་ ༢༥ ཙམ་ཉི་འོང་དུ་ཆིབས་སྒྱུར་བསྐྱངས་གནང་བར་བརྟེན་ཕན་ཚུན་འབྲེལ་བ་ཟབ་པོ་ཆགས་བསྡད་ཡོད་རེད། ལོ་རྒྱུས་ཀྱི་ཐོག་ནས་བལྟས་པ་ཡིན་ནའང་ནང་པའི་རྒྱལ་ཁབ་གཅིག་པ་ཆགས་བསྡད་ཡོད་རེད།
དཔལ་ལྡན་ཚོགས་གཙོ་མཆོག་ནས་མུ་མཐུད་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་བཅས་འགྲེལ་བརྗོད་གནང་། ལྷག་དོན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་གནང་སོང་། དེ་བཞིན་དེང་སྐབས་བོད་ཀྱི་ཆོས་དང་། རིག་གཞུང་། འཐབ་རྩོད། བོད་ཀྱི་ཁོར་ཡུག་ཐོག་ལ་ཨ་རི་དང་། ཡུ་རོབ། དེ་བཞིན་རྒྱལ་ཁབ་གཞན་ཁག་ནས་རྒྱབ་སྐྱོར་དང་དོ་སྣང་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བཅས་གསུངས་སོང་།
དེ་མ་ཟད་ཚོགས་གཙོ་མཆོག་གིས་ཉི་འོང་གི་སྲིད་འཛིན་ཟུར་པ་སྐུ་ཞབས་ Abe Shinzo མཆོག་འདས་གྲོངས་སུ་ཕྱིན་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་འཇོག་ཡོད་པ་དེ་ཁོང་རྣམ་པ་གཉིས་སྲིད་འཛིན་ཟུར་པ་དང་ཉེ་པོ་ཡོད་པས་ཁོང་རྣམ་པ་གཉིས་ལ་ངོ་བཤུས་ཤིག་ཕུལ་གནང་སོང་། གཞན་ཡང་ཚོགས་གཙོ་མཆོག་ནས་སྐུ་ཞབས་དམ་པ་ཁོང་ནས་བོད་མི་རིགས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་དུས་ཁོང་འདས་གྲོངས་སུ་ཕྱིན་པ་དེ། ད་དུང་ཡང་སེམས་ནང་ཕང་པོ་ཞིག་ཡོང་གི་འདུག་ཅེས་གསུངས་སོང་།
ཁོང་རྣམ་པ་གཉིས་ནས་ཀྱང་ཚོགས་གཙོ་དང་མཇལ་འཕྲད་བྱུང་བ་དགའ་པོ་བྱུང་སྐོར་དང་། མ་འོངས་པར་མཉམ་ལས་དང་བོད་དང་ཉི་འོང་དབར་སྔར་ལྷག་འབྲེལ་ལམ་དམ་ཟབ་གཏོང་ཕྱོགས་ཐད་འབད་བརྩོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་གནང་སོང་། དེ་རྗེས་སྐུ་མགྲོན་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་ཚོགས་ཁང་དུ་གཟིགས་སྐོར་བཅས་གནང་ཡོད་པ་རེད།