༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༡༤ ཉིན་ཇོ་རན་ཇི་དགོན་པའི་ (Jorinji Temple) དགེ་འདུན་པ་ཧ་ཡ་ཤི་ཤུ་ཧི་ (Hayashi Shuei) ལགས་ཀྱིས་སྣེ་ཁྲིད་པའི་སོ་ཏོ་ཤུ་ཛེན་ནང་པའི་ཆོས་ཚོགས་ཀྱི་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་། ཉི་འོང་དང་བོད་ཀྱི་ཆོས་ཕྱོགས་ཀྱི་འབྲེལ་བའི་སྐོར། བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ཀྱི་ཐོག་བཀའ་བསྡུར་ལྷུགས་པོ་གནང་སོང་།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་དང་། རྒྱུན་ལས་ཀྱི་ལས་དོན་སྐོར། དེ་བཞིན་སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་ཏེ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ས་བགོས་ཕྱོགས་བསྐྱོད་གནང་རྒྱུ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གོ་སྒྲིག་ཞུ་རྒྱུ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་ས་མ་ཤོར་བའི་སྐབས་ནས་བོད་དང་། ཉི་འོང་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་བྱུང་ཡོད་པའི་སྐོར་དང་། བཙན་བྱོལ་བ་ཆགས་པའི་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་འོང་རྒྱལ་ཁབ་ནང་ཆིབས་བསྒྱུར་མང་ཤོས་མཛད་ཡོད་པ། ཉི་འོང་གི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་མང་ཤོས་ཆགས་ཡོད་པ་སོགས་ང་ཚོའི་དབར་ཕན་ཚུན་བློ་ཉེ་པོའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་གསུངས་པ་དང་།
དཔལ་ལྡན་ཚོགས་གཞོན་མཆོག་གིས་ཉི་འོང་གི་ཛེན་ནང་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཁག་དགུའི་འཐུས་མི་རྣམ་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དོན་ཚན་བདུན་འཁོད་པའི་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་ཁོང་རྣམ་པས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ཡིད་ཆེས་གནང་བར་བསྔགས་བརྗོད་ཞུས་པ་དང་སྦྲགས། རྒྱ་ནག་དམར་གཞུང་གིས་ཆབ་སྲིད་ཀྱི་ཁེ་ཕན་ཆེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐོག་ཐེ་བྱུས་བྱ་རྒྱུའི་ངན་བྱུས་འདིང་བཞིན་ཡོད་སྐོར་སོགས་གསུངས་གནང་སོང་།
གཞན་ཡང་མཇལ་འཕྲད་སྐབས། དགེ་འདུན་པ་ཧ་ཡ་ཤི་ཤུ་ཧི་ (Hayashi Shuei) ལགས་ཀྱིས་དེ་སྔོན་ཕྱི་ཟླ་ ༩ པའི་ནང་ཉི་འོང་གི་ཛེན་ནང་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཁག་དགུའི་འཐུས་མི་རྣམ་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་དོན་ཚན་བདུན་འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ངོ་བཤུས་ཤིག་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཕུལ་སོང་།
དེ་ནས་སྐུ་མགྲོན་རྣམས་ལ་ཕྱག་རྟགས་དང་། སྤྱན་རས་གཟིགས་ཀྱི་སྐུ་ཐང་ཞིག་ཕུལ་གནང་རྗེས། སྐུ་མགྲོན་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།