ཆབ་སྲིད་བཙོན་ཟུར་ཞིག་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ།

༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། བོད་མདོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་པདྨ་ཤང་ནས་ཡིན་པ་རང་ལོ་ ༤༩ ཅན་ཆབ་སྲིད་བཙོན་ཟུར་ཨ་ཤག་ཚང་ནོར་ལྷ་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༧ ཉིན་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དེ་ཡང་ཕྱི་ལོ་ ༢༠༠༩ ལོར་མདོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་ཀྱི་བོད་མི་རྣམས་ཀྱིས་ ༢༠༠༨ ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་ས་ཞིང་མ་བཏབ་པ་དང་། སྒོ་བཤས་སྤངས་བ། དམིགས་བསལ་དགོན་སྡེ་ཁག་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ལ་དང་ལེན་མ་བྱས་པའི་ཁོངས་སྐྱབས་ཆེ་དགོན་དུའང་རྒྱལ་གཅེས་ཆོས་གཅེས་དང༌། ཏཱ་ལའི་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་ཟེར་བའི་ལས་འགུལ་སྤེལ་མཁན་སྔ་རྗེས་ཐེངས་དགུ་ཙམ་ཕྱིན་ཀྱང་དགེ་འདུན་པས་ངོས་ལེན་རྩ་བ་ནས་མ་བྱས་པར་མཐའ་གཞུག་དགེ་འདུན་པ་ཚང་མ་ཁ་འཐོར་བྲོས་བྱོལ་དུ་ཕེབས་དགོས་བྱུང་ནས་ཟླ་བ་གཅིག་ལྷག་དགོན་མ་ལག་དང་བཅས་པ་སྟོང་པ་ཆགས་ཡོད་པ་དང་། དམག་མི་དང་ཉེན་རྟོག་མི་སྣས་སྐྱབས་ཆེ་དགོན་པ་བཟུང་བསྡད་ཡོད་པ་མ་ཟད་མགྱོགས་མྱུར་དུ་དགེ་འདུན་པ་རྣམས་འཛོམས་དགོས་པའི་བཙན་བཀའ་བཏང་ཡོད་པ་དང༌། གལ་ཏེ་མ་འཛོམས་ན་དགོན་པ་རྩ་མེད་དུ་གཏོང་རྒྱུ་ཡིན་པར་སྡེ་དགོན་གཉིས་ཀར་ཉེན་བརྡ་བཏང་ཡང་གྲུབ་འབྲས་གང་ཡང་མ་སོན་པའི་རྐྱེན་གྱིས་ ༢༠༠༩ ཟླ་ ༦ པའི་ཚེས་ ༢༧ ཉིན་སྐྱབས་ཆེ་དགོན་གྱི་མཆོད་སྡེའི་གཙོ་བོ་པདྨ་སྨད་པའི་ནང་དུ་ཡོང་ནས་གུང་ཁྲན་ཏང་ཡོན་གྱི་མིང་ཡོད་པའི་བོད་མི་འགྱུར་མེད་མགོན་པོ་དང༌། རྒྱ་ཚང་རྡོ་རྗེ་གཉིས་འཛིན་བཟུང་བྱས་ཏེ་སྐྱབས་ཆེ་དགོན་དུ་ཁྲིད་ཡོད་པར་ཡུལ་མི་རྣམས་དངངས་འཚབ་ཆེན་པོ་ལངས་ཏེ་ཁོང་གཉིས་གློད་བཀྲོལ་དགོས་པའི་འགན་ཁུར་གཙོ་བོ་བཞེས་མཁན་ཨ་ཤག་ནོར་ལྷ་སོགས་ལ་རྒྱ་དམག་གིས་དུག་རྫས་གཏོར་ནས་དེ་ཉིན་རང་དུ་འཛིན་བཟུང་བྱས་ཏེ་འཇོ་མདའ་རྫོང་དུ་ཁྲིད་ཡོད་པ་མ་ཟད། ནོར་ལྷ་དང་མགོན་པོ་དར་རྒྱས་གཉིས་གཏེ་བོ་ཡིན་སྐད་ཀྱིས་དེ་རྗེས་ཆབ་མདོར་ཁྲིད་ནས་བཙོན་འཇུག་ཁྲིམས་ཐག་ལོ་གཉིས་བཅད་ཡོད་འདུག་པ་དང་། བཙོན་ཁང་དུ་ནད་མནར་གྱིས་ ༢༠༡༡ ལོའི་ནང་གློད་བཀྲོལ་བཏང་ཡོད་འདུག་ཀྱང་ནད་གཞི་ཇེ་སྡུག་ཏུ་ཕྱིན་པས་རྒྱ་ནག་ཁྲེན་ཏུར་སྨན་ཁང་དུ་ཐེངས་གསུམ་ཙམ་ཁྲིད་ཀྱང་དྲག་བསྐྱེད་མ་བྱུང་བ་དང་། མཐར་ལྷ་སར་སྨན་ཁང་ཞིག་ནང་ ༢༠༡༡ ཟླ་ ༡༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཡོད་པ་རེད། གཞན་ཡང་ཁོང་དང་མཉམ་དུ་འཛིན་བཟུང་བྱས་ཤིང་ ༢༠༠༩ ཟླ་ ༨ ཚེས་ ༤ ཉིན་ལོ་གཉིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་བུ་ལྷུག་༼བུ་ལུག༽ ཡང་བཙོན་ཁང་ནང་མནར་གཅོད་ཚད་མེད་བྱས་པ་ལ་བརྟེན་ནས་ཕྱི་ལོ་ ༢༠༡༡ ལོའི་ ༣ ཚེས་ ༢༥ ཉིན་ལྷ་སའི་ཆུ་ཚོད་ ༡༢།༣༠ ཐོག་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་སོགས་མདོར་ན་བཙོན་འཇུག་སྐབས་མནར་གཅོད་ཚད་མེད་བཏང་བ་ལ་བརྟེན་ནས་ཁོང་ཡང་འདས་གྲོངས་སུ་གྱུར་པ་ཞིག་ཡིན་འདུག་པ་བཅས།