གྲྭ་བསྟན་པ་དར་རྒྱས་ལགས་དང་དོན་གྲུབ་ཕུན་ཚོགས་ལགས་གཉིས་བོད་དོན་གྱི་ཆེད་དུ་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

གྲྭ་བསྟན་པ་རྡོ་རྗེ།གྲྭ་བསྟན་པ་རྡོ་རྗེ།

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན། རྔ་པ་བོད་རིགས་རང་སྐྱོང་ཁུལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་འཆི་མེད་དཔལ་ལྡན་ལགས་དང་གྲྭ་བསྟན་པ་དར་རྒྱས་ལགས་རྣམ་གཉིས་ཀྱིས། ཚོ་བདུན་ཀིརྟི་དགོན་པ་དང་བར་ཐག་སྤྱི་ལེ་ ༨༢ གྱི་སར་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་འབར་ཁམས་རྫོང་སྲིད་གཞུང་གཉིས་ཀྱི་ལྟེ་གནས་སུ། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་རྗེས། ཉེན་རྟོག་པས་སྨན་ཁང་དུ་བཙན་འཁྲིད་བྱས་ཡོད་ཀྱང་། ཕྱི་ཚེས་ ༣༡ ཉིན་གྱི་ཞོགས་པའི་དུས་ཚོད་ ༥ ཙམ་ལ་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་ཚོ་བདུན་ཀིརྟི་དགོན་པར་རུས་ཐལ་ཞིག་སྤྲད་དེ། གྲྭ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་ཟིན་པའི་ལན་སྤྲད་པ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༧ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༩།༢༣ ཙམ་ལ་གྲྭ་བསྟན་པ་དར་རྒྱས་ལགས་རྔ་པ་ཁུལ་གྱི་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག་པ་དང་།  སྐབས་དེར་བོད་མི་ཚོས་ཁོང་གི་སྐུ་ཕུང་ནང་མི་དང་དགོན་པར་སྤྲོད་རྒྱུའི་རེ་འདུན་ཞུས་ཡོད་ཀྱང་།  རྒྱ་གཞུང་གིས་ཡ་ལན་གང་ཡང་མ་སྤྲད་པར་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་སྐུ་ཕུང་མེར་བསྲེགས་བཏང་སྟེ། ཕྱི་དྲོའི་ཆུ་ཚོད་ ༤ ཡས་མས་སུ་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་པ་མ་ཟད། ད་དུང་ནང་མིར་ཆ་རྐྱེན་ཁག་ཅིག་ཁས་ལེན་ཆེད་མཛུབ་ཐེབ་རྒྱག་བཅུག་ཡོད་འདུག བསྟན་པ་དར་རྒྱས་ལགས་་ཀྱི་ཕ་མིང་ལ་སྐལ་ལྡན་དང་མ་མིང་ལ་དཔལ་མཚོ་ཞེས་འབོད་ཀྱི་ཡོད་པ་དང་། ཁོང་རང་ལོ་ ༢༢ ཡིན་ཞིང་རྔ་པ་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ཥོ་ལ་ཅང་སྡེ་བའི་ལེ་སྐོ་ཚང་གི་ཡིན་འདུག

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༧ བར་རྒྱལ་གཅེས་དཔའ་བོ་བསྟན་པ་དར་རྒྱས་ལགས་དང་འཆི་མེད་དཔལ་ལྡན་ལགས་གཉིས་བརྩིས་པའི་བོད་ནང་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༣༣ བྱུང་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་གྲྭ་བསྟན་པ་དར་རྒྱས་ལགས་རང་ལུས་མེར་སྲེག་གིས་སྐུ་སྲོག་ཤོར་མཁན་ ༢༥ པ་ཆགས་ཡོད།

དོན་གྲུབ་ཕུན་ཚོགས།དོན་གྲུབ་ཕུན་ཚོགས།

དེ་བཞིན་རྒྱ་གར་གྱི་གྲོང་ཁྱེར་ཀ་ལི་ཀ་ཏ་རུ་མཐོ་རིམ་སློབ་སྦྱོང་གནང་བཞིན་པའི་བོད་མི་ན་གཞོན་དོན་གྲུབ་ཕུན་ཚོགས་ལགས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་བོད་དོན་གྱི་ཆེད་དུ་ཀ་ལི་ཀ་ཏའི་སྐད་གྲགས་ཆེ་བའི་ཧབ་ར་ཟམ་ཆེན་གྱི་ཐོག་ནས་ཆུར་མཆོངས་ནས་རང་སྲོག་བློས་བཏང་ཡོད་པ་དང་། ཁོང་ནི་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ཁུལ་དུ་སྐྱེས་པའི་བོད་མི་ཞིག་ཡིན་ཞིང་། དུས་རྒྱུན་བོད་དོན་ཆེད་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་དང་། བོད་དོན་ལས་འགུལ་ཁག་ཏུ་དམིགས་བསལ་འཛུལ་ཞུགས་བྱེད་མཁན་ཞིག་ཀྱང་ཡིན་འདུག ཕྱི་ཟླ་༤ ཚེས་༢ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཞིག་ལ། ཁོང་གིས་ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་བརྒྱུད་ནས་ཞུ་དོན་དུ། བོད་པ་ཚོས་རང་ལུས་མེར་སྲེག་བཏང་བ་ལས། རྒྱ་ནག་གི་གཞུང་ཚབ་ཀྱི་སྒོ་རུ་བོད་རང་བཙན་ཞེས་བྲིས་ན་གཟི་བརྗིད་ཆེ་བ་ཡོད་ཚུལ་བརྗོད་ཡོད་འདུག་པ་དང་། དེའི་རྗེས་སུ་ཁོ་རང་ཐག་རིང་ཞིག་ལ་འགྲོ་རྒྱུ་ཡིན་ཚུལ་སོགས་ཀྱང་བརྗོད་འདུག ཟླ་འདིའི་ཚེས་ ༤ ཉིན་གཞི་ནས་ཁོང་གི་སྐུ་ཕུང་ཆུའི་འགྲམ་དུ་རྙེད་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་སྲེག་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་བཏང་སྟེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་རེ་འདུན་ཏེ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཅས་ལ་ངེས་པར་དུ་བསམ་གཞིག་བྱེད་དགོས་པ་ནན་བརྗོད་བྱས་ཡོད་ལ་ད་དུང་ཡང་དེ་བཞིན་བྱེད་རྒྱུ་ཡིན། བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་བྱས་ནས་ཡོང་གི་ཡོད་པས། རྒྱ་ནག་གཞུང་ལ་བདེན་རྫུན་འབྱེད་པའི་ཁྲིམས་ལུགས་དང་མི་མང་གི་བདེ་སྡུག་ལ་ལྟ་མཁན་གྱི་འགོ་འཁྲིད་ཡོད་ན། བོད་མི་ཚོའི་དགོས་འདུན་དང་རྒྱལ་སྤྱིའི་བཀོད་ཁྱབ་ཁག་ལ་འདི་ཡིན་དེ་མིན་གྱི་ལན་འདེབས་བྱེད་པའི་དུས་ལ་བབས་ཡོད།  དེ་མིན་རྒྱུན་ལྡན་ལྟར་ཟུར་བལྟས་ལེབ་མཐོང་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་ལ། སྒྲོ་འདོགས་དང་འཁྱོག་བཤད། རྫུན་སྒྲིག་སྣ་ཚོགས་བྱས་དང་བྱེད་བཞིན་པ་ནི། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱས་པ་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་དང་རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྡེ། གནད་ཡོད་མི་སྣ། གསར་འགོད་པ། རྩོམ་པ་པོ་སོགས་ཡོངས་རྫོགས་ཀྱིས་བོད་མི་ཚོའི་དགོས་འདུན་དང་རྒྱ་ནག་གི་མི་སྤྱོད་ལས་འདས་པའི་དྲག་གནོན་དང་འཁྱོག་བཤད། རྫུན་སྒྲིག་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་བྱས་ནས་འཛམ་གླིང་ཞི་བདེའི་ཕྱོགས་སུ་བསྒྱུར་ཐབས་ལ་ངེས་པར་དུ་འབད་བརྩོན་གནང་བའི་དུས་བབས་ཡོད་ཅེས་ཛ་དྲག་གིས་ནན་ཞུ་བྱེད་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༠ ཉིན།