ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༤ ཉིན་སྔ་དྲོ་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་འཆར་ཅན་ཡིག་འབྲེལ་རིགས་དང། གནད་དོན་གཞན་ཁག་ཐོག་བཀའ་བསྡུར་གནང་བ་དང་ཆབས་ཅིག རིང་མིན་ ༢༠༡༤ ཟླ་ ༩ ཚེས་ ༡༢ ནས་ཚེས་ ༢༤ བར་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༨ པ་བསྐྱང་རྒྱུའི་ལས་རིམ་ཁོངས་བསྣམ་རྒྱུའི་ཡིག་ཆ། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང། སྤྱི་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་ཚོགས་ཆུང་ཟུར་འཛུགས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཆེས་མཐོའི་ཁྲིམས་ཞིབ་ཁང་དང། ཚོགས་དྲུང་ལས་ཁུངས་ཀྱི་ཐད་བསྐོས་ལས་བྱེད་དང། འཛིན་སྐྱོང་ཁོངས་ཀྱི་ལས་བྱེད་རྣམས་ཀྱི་འདེམས་བསྐོ་དང། དེ་དག་གི་བླང་དོར་དང་ཐོབ་ཐང་བཅས་པའི་འབྲེལ་ཆགས་སྒྲིག་གཞི་ཁག་ལ་བསྐྱར་ཞིབ་གནང་མཁན་ཚོགས་ཆུང་བསྐོ་འཛུགས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞིར་བསྐྱར་བཅོས་ཀྱི་ཁྲིམས་འཆར། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི་བསྐྱར་བཅོས་བཅས་ཀྱི་འཆར་ཟིན་ཁག་སྙན་སྒྲོན་དང་འབྲེལ་ལེགས་བཅོས་གནང་འོས་དང་བཅས་གྲོས་ཚོགས་སུ་བསྣམ་རྒྱུ་གཏན་ཁེལ་གནང་ཞིང། གོང་གསལ་གྲོས་ཆོད་གྲོས་འཆར་ཁག་དང། སྒྲིག་གཞི་བསྐྱར་བཅོས་ཁག་སྙན་སྒྲོན་གནང་མཁན་དང། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་རྒྱུན་ལས་རྣམ་པ་རེས་བསྐོར་གྱིས་འདོན་རྒྱུའི་མཚན་རིམ་གཏན་འཁེལ་གནང་།
ད་དུང་གྲོས་ཚོགས་ཉིན་དང་པོའི་ཐོག་སྙན་སྒྲོན་གནང་རྒྱུའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པའི་ཞིབ་འཇུག་སྙན་ཐོར་འཛིན་སྐྱོང་བཀའ་ཤག་གིས་བདའ་འདེད་མཇུག་སྐྱོང་ཇི་གནང་གི་སྙན་ཐོ་ཕུལ་འབྱོར་བྱུང་བར་སྤྱི་འཐུས་རྒྱུན་ལས་ནས་མཇུག་སྐྱོང་ཇི་ཞུས་ཀྱི་ལས་བསྡོམས་སྙན་ཐོ་དེ་བཞིན་སྙན་སྒྲོན་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་པ་བཅས། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༥ ལ་
ཕུལ།།