གྲོས་ཚོགས་ཚོགས་དུས་ ༦ པའི་ཉིན་ ༥ པའི་ལས་རིམ་སྙིང་བསྡུས།

ཕྱག་ཚོད་ ༡༠:༠༠ པའི་ཐོག་གྲོས་ཚོགས་ཚོགས་འདུ་དབུ་འཛུགས་གནང་བའི་ཐོག་རེས་གཟའ་ཉིན་མ་ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་ཚོགས་གཞོན་གཉིས་དང་། དཔལ་ལྡན་སྲིད་སྐྱོང་མཆོག་བཅས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་སྦྲགས། དེའི་སྐབས་སུ་༸གོང་ས་མཆོག་ཉེ་ཆར་ཐུགས་ཕམ་བྱུང་བ་དང་འབྲེལ་༸སྐུའི་དགོངས་བབ་ཉུང་འཕྲི་སྐོར་གྱི་བཀའ་སློབ་ཕེབས་པ་དེ་ཉིད་དགོངས་དྭངས་བྱུང་ཡོད་པའི་བཀའ་བཞེས་བཟང་པོ་ཐོབ་ཡོད་ལུགས་སོགས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་རེ་དཔལ་ལྡན་ཚོགས་གཙོ་དང་སྲིད་སྐྱོང་མཆོག་རྣམ་གཉིས་ནས་གནང་ཡོད་པ་རེད།

 

ཕྱི་ལོ་ ༢༠༡༢།༩།༢༢ ཉིན་གྱི་ཉིན་རྒྱབ་༸གོང་ས་མཆོག་ལ་དད་གུས་ཆེན་པོ་གནང་མཁན་དང་། བོད་དོན་རྒྱབ་སྐྱོར་ཡུན་རིང་གནང་མཁན་གྱི་རྒྱ་གར་(Samajwadi)ཆབ་སྲིད་ཚོགས་པའི་དྲུང་ཡིག་ཆེན་མོ་མཆོག་ཡུན་རིང་སྙུང་མནར་གྱིས་རྐྱེན་པས་ལྡི་ལི་ (AIIMS)སྨན་ཁང་དུ་སྐུ་ཚེ་འཕེན་པར་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ལ་གྲོས་ཚོགས་ནང་མྱ་ངན་གུས་འདུད་དང་བཀའ་དྲན་རྗེས་དྲན་གྱི་གྲོས་འཆར་གྲོས་ཆོད་བཞག་གནང་ཡོད་པ་མ་ཟད། ནང་སྲིད་བཀའ་བློན་མཆོག་གཙོས་འབྲེལ་ཡོད་སྤྱི་འཐུས་ཁག་གཅིག་ནས་རྗེས་དྲན་གྱི་གསུང་བཤད་སྙིང་བསྡུས་རེ་ཡང་གནང་ཡོད་པ་རེད།

 

དེ་རྗེས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་འགོད་འབུལ་དང་། ནང་སྲིད་ཀྱི་ལས་བསྡོམས་རྒྱས་པ་དེ་ཉིད་སྤྱི་འཐུས་རྒྱུན་ལས་ཀྱི་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་གྱིས་ཞིབ་འཇུག་ཞུས་པར་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་དང་འབྲེལ་གཏན་འབེབས་ཞུས་པའི་གྲུབ་དོན་སྙན་ཐོ་འགོད་འབུལ་ཞུས་པ་བཅས་ཀྱི་སྟེང་དོགས་འདྲི་དང་བགྲོ་གླེང་ཟབ་རྒྱས་གནང་བར་ནང་སྲིད་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་སྟེ་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཀྱི་ལས་རིམ་ཡོངས་སུ་གྲུབ་ཟིན་ཡོད་པ་རེད།

གཞན་ཡང་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་དེ་ཉིད་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་ནས་སྙན་སྒྲོན་གནང་ཡོད་པ་བཅས་ཀྱི་གནས་སྙིང་དུ།

Menu