གྲོས་ཚོགས་ཚོགས་དུས་ ༦ པའི་ཉིན་ ༦ པའི་ལས་རིམ་སྙིང་བསྡུས།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩:༣༠ ཀའི་ཐོག་གྲོས་ཚོགས་དབུ་འཛུགས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་དང་ལས་བསྡོམས་རྒྱས་པའི་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་གྱིས་ཞིབ་འཇུག་ཞིབ་ཚགས་ཞུས་པའི་སྙན་ཐོ་གཉིས་ཀྱི་སྟེང་དོགས་འདྲི་དང་བགྲོ་གླེང་གནང་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་ནས་བཀའ་ལན་དང་འགྲེལ་བཤད་མཐིལ་ཕྱིན་གནང་སྟེ་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་རིམ་སྙིང་བསྡུས་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་སྙན་ཐོ་བཅས་ཀྱི་བགྲོ་གླེང་ཡོངས་སུ་གྲུབ་ཟིན་ཡོད་པ་རེད།

 

གཞན་ཡང་ཤེས་རིག་བཀའ་བློན་བློ་བཟང་སེང་གེ་མཆོག་ནས་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༢།༤།༡  ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་གྱི་ཡིག་ཆ་དེ་ཉིད་སྙན་སྒྲོན་ཞུས་ཡོད་པ་དང་། དེ་རྗེས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལས་བསྡོམས་རྒྱས་པར་ཤོག་གྲངས་ ༥༠༨ ༼ཟུར་འཛར་ ༤༤༽ ཡོད་པར་སྤྱི་འཐུས་རྒྱུན་ལས་ཀྱི་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་གྱིས་ཞིབ་འཇུག་ཞིབ་ཚགས་ཞུས་པར་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་དང་འབྲེལ་གཏན་འབེབས་ཞུས་པའི་གྲུབ་དོན་སྙན་ཐོ་འགོད་འབུལ་གྱི་ཡིག་ཆ་གང་དེ་སྙན་སྒྲོན་གནང་ཡོད་པ་རེད།

 

དེ་རྗེས་གོང་གི་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་ཞུས་པའི་སྙན་ཐོ་དེ་གཉིས་ཀྱི་སྟེང་དོགས་འདྲི་དང་བགྲོ་གླེང་གནང་མུས་ལ་ཤེས་རིག་བཀའ་བློན་མཆོག་ནས་ལན་འདེབས་དང་གསལ་བཤད་གནང་ཡོད་པ་བཅས་ཀྱི་ལས་རིམ་སྙིང་བསྡུས་སུ།