གྲོས་ཚོགས་ཚོགས་དུས་ ༦ པའི་ཉིན་ ༨ པའི་ལས་རིམ་སྙིང་བསྡུས།

སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་ཐོག་གྲོས་ཚོགས་དབུ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༠ ཉིན་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ (Robert W Ford) མཆོག་དགུང་ལོའི་བབ་ཀྱིས་སྐུ་ཚེ་འཕེན་པར་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་ཡོད་པའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཞག་གནང་ཡོད་པ་དང་། དེ་རྗེས་སྤྱི་འཐུས་བུ་མོ་ཚེ་རིང་མཆོག་གིས་ཏཱ་ལའི་བླ་མའི་མཐོ་སློབ་དང་འབྲེལ་བའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་གནང་བར་་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ནས་ལམ་སྟོན་བཀའ་ལན་གནང་ཡོད་པ་རེད། དེ་རྗེས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་དང་། དེ་བཞིན་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་འགའ་ཤས་བཅས་ཀྱི་ལས་རིམ་ལ་དོགས་འདྲི་དང་བགྲོ་གླེང་གནང་།

 

དཔལ་ལྡན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་ཕྱི་ལོ་ ༢༠༡༢།༤།༡  ནས་ ༢༠༡༣།༣།༣༡ བར་གྱི་ཕྱི་དྲིལ་ལས་ཁུངས་དང་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་འགོད་འབུལ་གྱི་ཡིག་ཆ་དེ་ཉིད་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༢།༤།༡  ནས་ཕྱི་ལོ་ ༢༠༡༣།༣།༣༡  བར་གྱི་ལས་བསྡོམས་རྒྱས་པར་ཤོག་གྲངས་ ༣༦༧ ཡོད་པར་སྤྱི་འཐུས་རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན་གྱིས་ཞིབ་འཇུག་ཞིབ་ཚགས་ཞུས་པར་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་དང་འབྲེལ་གཏན་འབེབས་ཞུས་པའི་གྲུབ་དོན་སྙན་ཐོ་འགོད་འབུལ་གང་དེ་སྙན་སྒྲོན་ཞུས་པ་དང་གོང་གི་ལས་བསྡོམས་དང་ཞིབ་འཇུག་སྙན་ཐོ་བཅས་ཀྱི་སྟེང་དོགས་འདྲི་དང་། བགྲོ་གླེང་གནང་བར་ཕྱི་དྲིལ་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་སྟེ་ཕྱི་དྲིལ་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་ལས་རིམ་ཡོངས་སུ་གྲུབ་ཟིན་ཡོད་པ་རེད། 

 

གཞན་ཡང་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༢།༤།༡  ནས་ ༢༠༡༣།༣།༣༡  བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་འགོད་འབུལ་གྱི་ཡིག་ཆ་དེ་ཉིད་སྙན་སྒྲོན་གནང་ཡོད་པ་དང་། དེ་བཞིན་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༢།༤།༡  ནས་ཕྱི་ལོ་༢༠༡༣།༣།༣༡  བར་གྱི་ལས་བསྡོམས་རྒྱས་པར་ཤོག་གྲངས་ ༤༠ ཡོད་པར་སྤྱི་འཐུས་རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན་གྱིས་ཞིབ་འཇུག་ཞིབ་ཚགས་ཞུས་པར་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་དང་འབྲེལ་གཏན་འབེབས་ཞུས་པའི་གྲུབ་དོན་སྙན་ཐོ་འགོད་འབུལ་དེ་ཉིད་སྙན་སྒྲོན་གནང་བ་མ་ཟད། གོང་གི་ལས་བསྡོམས་དང་ཞིབ་འཇུག་སྙན་ཐོ་གཉིས་ཀྱི་སྟེང་དོགས་འདྲི་དང་བགྲོ་གླེང་གནང་བར་འཕྲོད་བསྟེན་བཀའ་བློན་མཆོག་ནས་གསལ་བཤད་དང་ལན་འདེབས་གནང་སྟེ་མཚན་མོ་ཆུ་ཚོད་ ༩ པའི་སྟེང་གྲོས་ཚོགས་གྲོལ་ཡོད་པ་རེད།

Menu