གྲོས་ཚོགས་ཚོགས་དུས་ ༦ པའི་ཉིན་ ༩ པའི་ལས་རིམ་སྙིང་བསྡུས།

སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་ཐོག་གྲོས་ཚོགས་དབུ་འཛུགས་ཀྱིས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ལ་དབུས་སྨན་རྩིས་ཁང་དང་འབྲེལ་ནད་པར་དུས་ཐོག་སྨན་འཐོབ་ཐབས་ཀྱི་སྐོར་ཐུགས་སྣང་གཞེན་སྐུལ་གནང་བར་འཕྲོད་བསྟེན་བཀའ་བློན་མཆོག་ནས་གསལ་འདེབས་གནང་བ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་སྙན་ཐོའི་ཐོག་མུ་མཐུད་དེ་དོགས་འདྲི་དང་བགྲོ་གླེང་གནང་བར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་ལན་འདེབས་དང་གསལ་བཤད་ཆ་ཚང་གནང་སྟེ་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་ལས་རིམ་ཡོངས་སུ་མཇུག་བསྒྲིལ་ཡོད་པ་རེད།

 

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཆེས་མཐོོའི་སྨན་པའི་ལྷན་ཚོགས་ཀྱི་ད་ཡོད་གནས་བབ་ངོ་སྤྲོད་དང་འབྲེལ་འབྱུང་འགྱུར་བྱ་ཕྱོགས་ཀྱི་ལམ་སྟོན་གསལ་བཤད་ཀྱང་གནང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཆར་འགོད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་དང་། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཕྱི་ལོ་ ༢༠༡༢།༤།༡ ནས་ ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས། དེ་རྗེས་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལོ་འཁོར་ལས་བསྡོམས་རྒྱས་པར་ཤོག་གྲངས་ ༦ ཡོད་པ་དང་། གོང་དུས་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བསྡོམས་རྒྱས་པར་ཤོག་གྲངས་ ༢༠ ཡོད་པ་བཅས་ལ་སྤྱི་འཐུས་རྒྱུན་ལས་ཀྱི་རྒྱུན་འབྲེལ་སྡེ་ཚན་དང་། ཆབ་སྲིད་སྡེ་ཚན་སོ་སོས་ཞིབ་འཇུག་ཞིབ་ཚགས་ཞུས་པའི་གྲུབ་དོན་སྙན་ཐོ་འགོད་འབུལ་གྱི་ཡིག་ཆ་དེ་ཉིད་སྙན་སྒྲོན་གནང་གྲུབ་རྗེས་གོང་གི་ལས་བསྡོམས་ཁག་གཉིས་དང་དེ་འབྲེལ་ཞིབ་འཇུག་སྙན་ཐོ་བཅས་ཀྱི་སྟེང་དོགས་འདྲི་དང་བགྲོ་གླེང་གནང་བར་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ནས་ལན་འདེབས་དང་གསལ་བཤད་འཐུས་ཚང་གནང་སྟེ་འཆར་འགོད་ལོ་འཁོར་ལས་བསྡོམས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལོ་འཁོར་ལས་བསྡོམས་ཀྱི་ལས་རིམ་ཡོངས་སུ་གྲུབ་ཟིན་ཡོད་པ་རེད།

 

བོད་ཀྱི་གྲོགས་པོའམ་ཡུན་རིང་ནས་བོད་དོན་ཐོག་ཁ་ཞེ་གཉིས་ཀྱི་རྒྱབ་སྐྱོར་བ་གནང་མཁན་རྒྱ་གར་ (R.S.S Leader Indresh Kumar) མཆོག་གྲོས་ཚོགས་ནང་གཟིགས་སྐོར་ཕེབས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས་ཁོང་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་སྦྲགས། གྲོས་ཚོགས་སུ་ཕེབས་པར་ཚོགས་མི་ཡོངས་ནས་དགའ་བསུ་ཞུས་ཡོད་པ་རེད།

 

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁྲིམས་བཟོ་ལས་རིམ་དང་འབྲེལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དང་། བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། དེ་བཞིན་བཙན་བྱོལ་བོད་མིའི་བཅལ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་སོགས་བསྐྱར་བཅོས་གནང་དགོས་གནང་སྟེ་ཁྲིམས་བཟོའི་ལས་རིམ་ཁག་ཅིག་བསྐྱར་བཅོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། དེ་མིན་འཛིན་སྐྱོང་བཀའ་ཤག་ནས་དེ་སྔོན་གྲོས་ཚོགས་ཉིན་གཉིས་པ་སྟེ་ཕྱི་ཚེས་ ༡༩ ཉིན་སྤྱི་ཡོངས་ཀྱི་གསལ་བཤད་སྙིང་བསྡུས་ཤིག་གནང་བར་དེའི་ཐོག་བགྲོ་གླེང་གནང་མུས་བཅས་ཀྱི་དེ་རིང་གི་གནས་སྙིང་དུ།

Menu