གྲོས་ཚོགས་ཚོགས་དུས་ ༦ པའི་ཉིན་ ༡༠ པའམ་ཉིན་མཐའ་མའི་ལས་རིམ་སྙིང་བསྡུས།

སྔ་དྲོ་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་ཐོག་གྲོས་ཚོགས་དབུ་འཛུགས་ཀྱིས་སྤྱི་འཐུས་བུ་མོ་ཚེ་རིང་མཆོག་ནས་བུད་མེད་ནུས་ཤུགས་སྤེལ་བའི་སྲིད་བྱུས་འོག་བུད་མེད་ལྷན་ཁང་ཞིག་གསར་འཛུགས་གནང་གལ་ཆེ་སྐོར་གྱི་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་ཞིག་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་སྒྲོན་བར་སྲིད་སྐྱོང་མཆོག་ནས་དེར་གསལ་བཤད་གནང་ཡོད་པ་རེད། དེ་རྗེས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་ནས་སྐབས་ ༥ པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང་འབྲེལ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་འཇོག་དགོས་པའི་ཡིག་ཆ་ཨང་ ༦༣ པ་སྙན་སྒྲོན་ཞུས་པ་དང་ཆབས་ཅིག  མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་ཚོགས་དྲུང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་ནས་སྐབས་ ༥ པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་རྒྱབ་ལྗོངས་གནས་བབ་དང་བཅས་པའི་སྐོར་གསལ་བཤད་གནང་ཡོད་པ་རེད། གཞན་ཡང་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་གིས་དེ་འབྲེལ་གནད་དོན་ཁག་ཅིག་གི་སྟེང་གསལ་བཤད་གནང་།

 

དེ་རྗེས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དེ་སྔོན་ཕྱི་ཚེས་ ༡༩ ཉིན་བཀའ་ཤག་གི་གསལ་བཤད་སྙིང་བསྡུས་ལ་ཁ་སང་དོགས་འདྲི་དང་བགྲོ་གླེང་གནང་བར་ལན་འདེབས་གསལ་བཤད་གནང་སྟེ་བཀའ་ཤག་གི་གསལ་བཤད་དང་འབྲེལ་བའི་ལས་རིམ་ཡོངས་སུ་གྲུབ་ཟིན་ཡོད་པ་རེད།

 

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་ཀྱི་ཚོགས་དུས་ ༦ པའི་མཇུག་བསྡོམས་གསུང་བཤད་གནང་སྟེ་ཉིན་གུང་ཕྱག་ཚོད་ ༡༢:༥༠ ཙམ་དུ་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༦ པ་ཡོངས་སུ་ལེགས་གྲུབ་དང་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།